བོད་དུ་སླར་ཡང་ཡུལ་བསྐོར་སྤྲོ་འཆམ་པ་བཀག་འགོག
བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་བཀག་འགོག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག
-
2011-06-16 -
-
-
༄༅༎དེ་ཡང་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཡོད་པའི་ནུབ་ཕྱོགས་པའི་མགྲོན་ཁང་གི་འགྲིམས་འགྲུལ་ཚན་པའི་་འབྲེལ་ཡོད་ལས་བྱེད་ཅིག་ནས་རིའུ་ཀྲར་གསར་འགྱུར་ལས་ཁང་ལ་འགྲེལ་བརྗོད་བྱས་པ་ལྟར་ན། རྒྱ་ནག་གུང་བྲན་ཚོགས་པ་དབུ་བརྙེས་ནས་ལོ་ངོ་དགུ་བཅུ་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་རྒྱུའི་ཆེད་ཟླ་བ་བདུན་པའི་ཚེས་ཤར་ནས་བཟུང་བོད་ནང་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པ་གཏོང་རྒྱུ་བཀག་འགོག་བྱེད་རྒྱུ་ཡིན་ལུགས་འགྲེལ་བརྗོད་བྱས་འདུག དེ་དང་ཕྱོགས་མཚུངས་པེ་ཅིང་ནང་ཡོད་པའི་ཡུལ་སྐོར་སྤྲོ་འཆམ་ཚན་པའི་ལས་ཁུངས་ཁག་ཅིག་ནས་ཀྱང་ཟླ་བ་འགའ་ཤས་གོང་ནས་བཟུང་གཞུང་ཕྱོགས་ནས་གསལ་བསྒྲགས་བྱས་ནས་དམ་བསྒྲཌ་བྱེད་འཆར་ཡོད་རེད། ཡིན་ནའང་ཕྱི་ཟླ་བརྒྱད་པའི་ནང་བོད་ནང་དུས་ཆེན་ཆེ་ཁག་འགའ་ཤས་འཁེལ་གྱི་ཡོད་པའི་དུས་ཚོད་ལ་ཕྱི་རྒྱལ་བ་ལྟ་བསྐོར་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་འདུག ཡང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། ཕྱི་རྒྱལ་ནང་གནས་སྡོད་བྱེད་མཁན་ཚོས་གོ་སྐབས་བཟུང་ནས་ཟིང་ཆ་སློང་རྒྱུའི་སེམས་ངན་བཅངས་ཀྱི་ཡོད་རེད་ཅེས་གསལ་བཤད་རྒྱབ་ཡོད་པ་སོགས་གང་ལྟར་བོད་ནང་དེ་སྔ་ནས་དམ་བསྒྲཌ་ཡོད་མུས་ཐོག་རིང་མིན་ཡུལ་སྐོར་སྤྲོ་འཆམ་འགྲོ་མཁན་ཚོར་ཡང་དམ་བསྒྲཌ་བྱེད་རྒྱུ་ཡིན་འདུག
ད་རེས་བཀག་འགོག་བྱེད་དགོས་དོན་རྒྱ་ནག་གུང་བྲན་དབུ་བརྙེས་པའི་དུས་ཚིགས་གཅིག་པུ་མ་ཡིན་པར་བོད་རྒྱ་མིས་བཅིངས་བཀྲོལ་ཟེར་བ་བཏང་ནས་ལོ་ངོ་དྲུག་བཅུ་འཁོར་བའི་དུས་ཚོད་ཀྱང་འཁེལ་གྱི་ཡོད་པའི་ཆ་ནས་དུས་ཆེན་གཟི་བརྗིད་དང་ལྡན་པའི་ཐོག་ནས་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་རྒྱ་ནག་གཞུང་གི་གསར་ཤོག་ཁག་ནང་བཀོད་ཐོན་བྱུང་བའི་རྐྱེན་གྱིས་ཡིན་པའི་ཚོད་རྩིས་ཀྱང་བྱེད་ཀྱི་ཡོད་པ་རེད།