སྲིད་འཛིན་ཞེ་ཅིན་ཕེན་གྱི་དབང་ཚད་ཤུགས་ཆེ་རུ་བཏང་འདུག
སྲིད་འཛིན་ཞེ་ཅིན་ཕེན་ལ་དམར་ཤོག་ཚོགས་པའི་སྲོག་ཤིང་རླབས་ཆེན་འགོ་ཁྲིད་ཀྱི་མཚན་གནས་གཏན་འབེབས་བྱས་པ་གསལ་བསྒྲགས་བྱས་འདུག
-
2016-10-27 -
-
-
སྲིད་འཛིན་ཞེ་ཅིན་ཕེན་ལ་དམར་ཤོག་ཚོགས་པའི་སྲོག་ཤིང་རླབས་ཆེན་འགོ་ཁྲིད་ཀྱི་མཚན་གནས་གཏན་འབེབས་བྱས་པ་གསལ་བསྒྲགས་བྱས་འདུག
དེ་རིང་ཕྱི་ཚེས་༢༧་ཉིན་མཇུག་བསྒྲིལ་བའི་རྒྱ་ནག་ནག་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ཚོགས་མི་ཚང་འཛོམས་ཀྱི་གསང་བའི་ཚོགས་འདུ་ཐེངས་དྲུག་པའི་ཐོག་ནས། སྲིད་འཛིན་ཞེ་ཅིན་ཕེན་ལ་དམར་ཤོག་ཚོགས་པའི་སྲོག་ཤིང་རླབས་ཆེན་འགོ་ཁྲིད་ཀྱི་མཚན་གནས་གཏན་འབེབས་བྱས་པ་གསལ་བསྒྲགས་བྱས་འདུག འདིས་ཞེ་ཅིན་ཕེན་གྱི་དབང་ཚད་ད་དུང་ཤུགས་ཆེ་རུ་བཏང་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
ཞེ་ཅིན་ཕེན་ལ་རྒྱ་ནག་གི་ཏང་དམག་སྲིད་གསུམ་གྱི་འགོ་ཁྲིད་ཀྱི་གོ་གནས་ཡོད་མུས་ཡིན་པ་རེད།
སྲོག་ཤིང་གི་རླབས་ཆེན་འགོ་ཁྲིད་ཅེས་པའི་ཐ་སྙད་ནི་དེ་སྔོན་ཏིན་ཤའོ་ཕེན་གྱིས་བརྗོད་པ་ལས་བྱུང་བ་ཞིག་ཡིན་འདུག་ཅིང་། སྐབས་ཤིག་ཏིན་ཤའོ་ཕེན་གྱིས་མའོ་ཙེ་ཏུང་དང་ཏིན་རང་ཉིད། དེ་བཞིན་ཅང་ཙེ་མིན་གསུམ་པོ་ནི་སྲོག་ཤིང་རླབས་ཆེན་གྱི་འགོ་ཁྲིད་ཡིན་པ་བརྗོད་ཡོད་པ་དང་། དེའི་གོ་དོན་ནི་རྩོད་མེད་ཀྱི་དབང་ཆ་ལྡན་ཞིང་། དེར་འདྲི་བརྩད་མ་ཆོག་པ་ལྟ་བུ་ཞིག་ལ་གོ་གི་ཡོད་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།
ལོ་བཞིའི་སྔོན་ཞེ་ཅིན་ཕེན་རྒྱ་ནག་གི་འགོ་ཁྲིད་དུ་སླེབས་པ་ནས་བཟུང་། དུས་ཚོད་མྱུར་པོའི་ཐོག་ནས་དབང་ཆ་གཅིག་བསྒྲིལ་གྱི་ལས་དོན་སྤེལ་ཞིང་། དེའི་ཁོངས་སུ་རྒྱ་ནག་དཔལ་འབྱོར་བཅོས་བསྒྱུར་ལས་དོན་གྱི་འགོ་གཙོ་དང་རྒྱལ་ཁབ་ཀྱི་སྤྱི་ཁྱབ་དམག་སྤྱི་སོགས་ཀྱི་གོ་གནས་བཟུང་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།