རྒྱ་ནག་གིས་ཨ་རིའི་གྲོས་ཚོགས་ལ་སྐྱོན་བརྗོད་བྱས་པ།

ཨ་རིའི་གྲོས་ཚོགས་ཀྱི་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་གིས་བཏོན་པའི་སྙན་ཐོར་རྒྱ་ནག་གིས་སྐྱོན་བརྗོད།

༄༅༎ཨ་རིའི་གྲོས་ཚོགས་ཀྱི་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་གིས་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ཚོང་དོན་ལ་དམིགས་ནས་དྲ་རྒྱ་དང་མི་བཏང་སྟེ་གནས་ཚུལ་འདུ་རུབ་བྱེད་ཀྱི་ཡོད་པ་སོགས་ཀྱི་སྙན་ཐོ་ཞིག་ཨ་རིའི་གྲོས་ཚོགས་སུ་འདོན་སྤེལ་གནང་ཡོད་པར་ དེ་རིང་གཟའ་པ་སངས་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧུང་ལིཨཡི་ཡིས་གོང་ཞུས་སྙན་ཐོ་དེའི་ནང་གི་རྒྱ་ནག་གི་དམག་དོན་བདེ་འཇགས་སྐོར་གྱི་ནང་དོན་དེ་ནི་དངོས་ཡོད་གནས་ཚུལ་དང་མཐུན་གྱི་མེད་པ་མ་ཟད་ སྙན་ཐོ་དེ་རིགས་ཀྱི་ནང་དོན་དང་གྲང་དམག་འཁོན་འཛིན་སྐབས་ཀྱི་བསམ་བློ་གཏོང་སྟངས་གཅིག་མཚུངས་ཡིན་ལུགས་ལན་འདེབས་བྱས་ཡོད་པ་དང་ རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཧུང་ལཨའི་ཡིས་ཨ་རིའི་གྲོས་ཚོགས་ཀྱི་ཨ་རི་དང་རྒྱ་ནག་གི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ལྷན་ཁང་ཟེར་བའི་སྙན་ཐོ་དེ་རིགས་བཏོན་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་ཞིང་  ལྷན་ཁང་དེས་སྙན་ཐོ་དེ་རིགས་སྤེལ་རྒྱུ་མཚམས་འཇོག་བྱས་ནས་རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་སྲ་བརྟན་དང་ཕན་ཚུན་ཡིད་ཆེས་དང་མཉམ་ལས་ཡོང་རྒྱུའི་ཐོག་ལས་དོན་མང་ཙམ་སྤེལ་དགོས་ལུགས་ཀྱི་སྐུལ་མ་ཞུས་ཡོད་པ་རེད་    

ཨ་རིའི་གྲོས་ཚོགས་ཀྱི་ཨ་རི་དང་རྒྱ་ནག་དབར་གྱི་དཔལ་འབྱོར་དང་བདེ་འཇགས་བསྐྱར་ཞིབ་ཚོགས་ཆུང་གིས་གཟའ་ལྷག་པའི་ཉིན་གྲོས་ཚོགས་སུ་ཕུལ་བའི་ཉམས་ཞིབ་སྙན་ཐོ་དེའི་ནང་དཔལ་འབྱོར་བདེ་འཇགས་སྐོར་གྱི་གནད་དོན་དབྱེ་ཞིབ་བཏོན་ཡོད་པ་དང་ ཨ་རིའི་བདེ་འཇགས་ཀྱི་ནང་དོན་སྐོར་སྙན་ཐོ་དེའི་ནང་འཁོད་དོན་ལྟར་ན་ རྒྱ་ནག་གཞུང་གིས་དམག་དོན་གྱི་སྟོབས་ཤུགས་དེང་རབས་ཅན་དུ་གཏོང་རྒྱུའི་ནུས་པ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་དང་ མཁའ་ཐོག་དང་མཚོ་ཐོག་གཉིས་ཀའི་དམག་ཤུགས་ཨ་རིར་ཁ་གཏད་བྱེད་ཐུབ་རྒྱུའི་ཕྱོགས་སུ་འབད་བརྩོན་བྱེད་ཀྱི་ཡོད་པ་མ་ཟད་ རྒྱ་ནག་ནས་ཨ་རིའི་ནང་གསོ་ཉུལ་བཏང་ནས་ཨ་རིའི་དམག་དོན་དང་ཚོང་དོན་གྱི་གསང་བའི་གནས་ཚུལ་མང་པོ་རྐུ་འཁྱེར་བྱས་ནས་རྒྱནག་གི་དམག་ཤུགས་དང་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་གཏོང་ཐབས་བྱེད་ཀྱི་ཡོད་པ་སོགས་འཁོད་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org