བོད་ཀྱི་རྒྱལ་ས་ལྷ་སའི་ནང་བྱ་ནད་ཁྱབ་གདལ་ཕྱིན་ཡོད་པ།

རྒྱ་ནག་གི་སོ་ནམ་ལྷན་ཁང་གིས་བོད་ཀྱི་ལྷ་ས་གྲོང་ཁྱེར་ནང་བྱ་ནད་ནད་འབུ་ཁྱབ་གདལ་ཕྱིན་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།

༄༅༎རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་རྒྱ་ནག་གི་སོ་ནམ་ལྷན་ཁང་གིས་བོད་ཀྱི་ལྷ་ས་གྲོང་ཁྱེར་ནང་བྱ་ ནད་ནད་འབུ་ཁྱབ་གདལ་ཕྱིན་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།

དེ་ཡང་རྒྱལ་ཡོངས་བྱ་ནད་བརྟག་དཔྱད་ཚན་པས་གསལ་བསྒྲགས་ཐུང་ངུ་ཞིག་སྤེལ་བའི་ནང་ཟླ་བ་འདིའི་ཕྱི་ཚེས་བཅུ་གཉིས་ཉིན་ལྷ་ས་གྲོང་ཁྱེར་ནང་གི་ཁྱིམ་བྱ་སྡེབ་ཚོང་ཁང་ནས་ཚོང་འགྲེམས་བྱས་པའི་ཁྱིམ་བྱའི་ནང་བྱ་ནད་ཡོད་པ་ཤེས་རྟོགས་བྱུང་བ་དང་བྱ་ནད་ཁྱབ་སྤེལ་མི་འགྲོ་བའི་ལས་དོན་ཛ་དྲག་གི་སྤེལ་ཏེ་བྱ་རིགས་ཉིས་སྟོང་ཙམ་ལྡེབ་གསོད་བཏང་སྟེ་ད་ཆ་གནས་སྟངས་ཛ་དྲག་ཏུ་འགྲོ་རྒྱུ་འགོག་ཐུབ་པ་བྱུང་ཡོད་པའི་སྐོར་བཤད་ཡོད་པ་རེད། ད་དུང་ཤིང་ཧཱ་གསར་ཤོག་དེའི་ཐོག་ལ་བྱ་ནད་འགོས་ཁྱབ་ཟིན་པའི་བྱ་རིགས་དང་འབྲེལ་བ་བྱེད་མཁན་གྱི་མི་ལ་ད་ལྟའི་འཆར་བྱ་ནད་འགོས་ཁྱབ་བྱུང་བའི་གནས་ཚུལ་ཐོན་མེད་པའི་སྐོར་བཀོད་ཡོད་པ་དང་རྩ་བའི་འདི་ལོ་རྒྱ་ནག་ནང་བྱ་ནད་ཡོད་པའི་བྱ་རིགས་དང་འབྲེལ་བ་བྱུང་བའི་མི་ བརྒྱད་བྱུང་སྟེ་དེའི་ནང་ནས་མི་ལྔ་རྐྱེན་ལམ་དུ་ཕྱིན་ཡོད་ཅིང་ཡིན་ནའང་འབྲེལ་ཡོད་འཕྲོད་བསྟེན་མི་སྣས་བྱ་ནད་མི་ལ་འགོས་ཁྱབ་བྱུང་ཡུལ་གྱི་ས་ཁུལ་དེ་དག་ནང་གི་བྱ་རིགས་སྟོང་ཕྲག་མང་པོར་བརྟག་དཔྱད་བྱས་ཀྱང་བྱ་ནད་ཡོད་པའི་བྱ་རིགས་རྙེད་སོན་བྱུང་མེད་པའི་སྐོར་བཀོད་ཡོད་པ་རེད། དེ་ཡང་ཉེ་ཆར་ཕྱི་ཟླ་གཉིས་པའི་ནང་རྒྱ་ནག་གི་ནུབ་ཕྱོགས་ཤིང་ཅང་ས་ཁུལ་ནང་བྱ་ནད་ཁྱབ་གདལ་ཕྱིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བའི་རྗེས་བྱ་རིགས་ཆིག་ཁྲི་གསུམ་སྟོང་ལྷག་ལྡེབ་གསོད་བཏང་བ་དང་དོན་རྐྱེན་དེ་ནི་རྒྱ་ནག་གཞུང་གིས་ལོ་འདིའི་ནང་བྱ་ནད་ཁྱབ་གདལ་ཕྱིན་པའི་གནས་ཚུལ་གསལ་བསྒྲགས་བྱས་པ་ཐེངས་དང་པོ་ཡིན་པ་དང་ད་རེས་བོད་ཀྱི་གྲོང་ཁྱེར་ལྷ་སའི་ནང་བྱ་ནད་ཁྱབ་གདལ་ཕྱིན་པའི་གནས་ཚུལ་གསལ་བསྒྲགས་བྱས་པ་ཐེངས་གཉིས་པ་དེ་ཡིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org