ནང་སོག་གི་འབྲོག་པ་བསད་མཁན་ལ་སྲོག་ཐོག་གི་ཁྲིམས་ཐག

སོག་པོའི་མི་རིགས་ཡིན་པའི་འབྲོག་པ་ཞིག་གསོད་མཁན་གྱི་རྒྱ་རིགས་མི་གཉིས་ལ་སྲོག་ཐོག་དང་ཚེ་བཙོན་གྱི་ཁྲིམས་གཅོད་ཉེས་ཆད་བཏང་བ།

༄༅༎ཉེ་ལམ་ནང་སོག་ནང་རྡོ་སོལ་བསྔོག་འདོན་གྱི་ལས་གཞི་དང་འབྲེལ་བའི་འཁྲུག་རྩོད་ནང་། སོག་པོའི་མི་རིགས་ཡིན་པའི་འབྲོག་པ་རྨེར་གེན་(Mergen)ཟེར་བ་གསོད་མཁན་གྱི་རྒྱ་རིགས་མི་གཉིས་ལ་སྲོག་ཐོག་དང་ཚེ་བཙོན་གྱི་ཁྲིམས་གཅོད་ཉེས་ཆད་བཏང་ཡོད་འདུག 

དེ་ཡང་རོཡི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལམ་གྱི་ཁྲིམས་གཅོད་དེའི་སྐོར། འདི་ཚེས་ ༨ ཉིན་རྒྱ་ནག་གཞུང་གཉེར་ཤིན་ཧུའ་གསར་འགྱུར་ལས་ཁང་གིས་གནས་ཚུལ་ཤིག་སྤེལ་ཡོད་པའི་ནང༌། ནང་སོག་གི་གྲོང་ཁྱེར་ཤི་ལིན་ཧོཏ་ནང་ཡོད་པའི་ཁྲིམས་ཁང་ཞིག་ནས་ཉེ་ལམ་རྡོ་སོལ་འོར་འདྲེན་བྱེད་པའི་མོ་ཊའི་འོག་རྫིས་ཏེ། སོག་པོའི་འབྲོག་པ་རྨེར་གེན་གསོད་མཁན་གྱི་བྱེད་ལྟེ་བ་རྒྱ་རིགས་ལི་ལིན་ཏོང་ལ་སྲོག་ཐོག་གི་ཉེས་ཆད་དང༌། ཡང་ཁོ་པའི་རོགས་པ་མི་གཞན་ཞིག་ལ་ཚེ་བཙོན་གྱི་ཉེས་ཆད་གཏོང་རྒྱུའི་ཁྲིམས་ཐག་བཅད་ཡོད་པའི་གནས་ཚུལ་ཕྱི་བསྒྲགས་བྱས་ཡོད་སྐོར་དང༌། ཡང་ རྒྱ་ནག་གི་ཁྲིམས་ཁང་དེ་ནས་དོན་རྐྱེན་འདིའི་ཐད་ཁྲིམས་གཅོད་འདི་ལྟབུའི་མགྱོགས་པོ་བྱེད་དགོས་པའི་རྒྱུ་མཚན་ནི། ཉེ་ལམ་གནད་དོན་འདིའི་ཐད་ནང་སོག་ནང་མང་ཚོགས་ཀྱི་ངོ་རྒོལ་ཤུགས་ཆེན་པོ་བྱུང་བ་དེ་དག་ཞི་འཇགས་ཡོང་རྒྱུར་དམིགས་པ་ཞིག་ཡིན་པའི་འགྲེལ་བརྗོད་བྱས་འདུག

ད་ལམ་གྱི་རྙོག་ཁྲ་འདིའི་འབྱུང་རྐྱེན་ནི།  ནང་སོག་གི་འབྲོག་པའི་རྩ་ཐང་ཐོག རྒྱ་མིའི་རྡོ་སོལ་བསྔོག་འདོན་བྱེད་མཁན་ཚོས།  རྡོ་སོལ་འོར་འདྲེན་གྱི་མོ་ཊ་གང་བྱུང་བཏང་ནས་རྩ་ཐང་ལ་གནོད་ཚབས་ཆེན་པོ་བཟོ་བཞིན་ཡོད་པར་བརྟེན  འདི་ལོའི་ཕྱི་ཟླ་ལྔ་པའི་ཚེས་ ༡༠ ཉིན་ སོག་པོའི་མི་རིགས་ཡིན་པའི་འབྲོག་པ་མི་གྲངས་སུམ་ཅུ་ཙམ་གྱིས།  རྡོ་སོལ་བསྔོག་འདོན་གྱི་ལས་ཀ་འགོག་ཐབས་བྱེད་པར་བསྐྱོད་སྐབས། སོག་པོའི་འབྲོག་པ་དེ་དག་དང༌རྡོ་སོལ་འོར་འདྲེན་བྱེད་མཁན་གྱི་རྒྱ་མིའི་དབར་ཁ་རྩོད་ཐུག་སྟེ།  རྡོ་སོལ་འོར་འདྲེན་བྱེད་མཁན་གྱི་རྒྱ་མི་ཞིག་གིས། ཁོ་པའི་མོ་ཊའི་འོག་རྨེར་གེན་ཟེར་བའི་སོག་པོའི་འབྲོག་པ་ཞིག་རྫིས་ཏེ་བསད་པའི་གནས་ཚུལ་བྱུང་བའི་རྗེས  གཞུང་གིས་རྐྱེན་འདས་སུ་ཕྱིན་པའི་འབྲོག་པ་དེའི་ནང་མིར་དངུལ་སྤྲད་ནས་གནས་ཚུལ་དེ་ཞི་འཇམ་ཡོང་ཐབས་བྱས་པར་བརྟེན  ས་གནས་སོག་པོའི་མི་མང་རྣམས་ཁོང་ཁྲོ་ལངས་ནས་དུས་དེ་ནས་བཟུང་ཁུལ་དེའི་གྲོང་ཁྱེར་ཆེ་ཁག་མང་པོའི་ནང་སོག་པོའི་མི་མང་ཚོས།  འབྲོག་པ་རྨེར་གེན་གསོད་མཁན་དེ་འཇུ་བཟུང་གིས་ཁྲིམས་གཅོད་ནན་པོ་བྱ་དགོས་པ་དང་ས་གནས་ཀྱི་ཁོར་ཡུག་དང་འབྲོག་པའི་གནས་སྟངས་ལ་སྲུང་སྐྱོབ་དགོས་པའི་དགོས་འདུན་སྟོན་ཏེ། ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེན་པོ་སྤེལ་བའི་གནས་ཚུལ་བྱུང་ཡོད་པ་རེད།།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org