བོད་ཁམས་འཇོ་མདའ་རྫོང་དུ་བོད་མི་ལྔ་འཛིན་བཟུང༌།
འཇོ་མདའ་རྫོང་ཁུལ་ནས་བོད་མི་ལྔ་འཛིན་བཟུང་བྱས་པ་ནས་བོད་མི་གསུམ་ལ་ལོ་གཉིས་ཀྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་འདུག
-
2009-08-13 -
-
-
༄༅༎རྒྱ་ནག་གཞུང་གིས་ཁ་སྔོན་ཕྱི་ཟླ་དྲུག་པའི་ནང་བོད་ཀྱི་ཁམས་འཇོ་མདའ་རྫོང་ཁུལ་ནས་བོད་མི་ལྔ་འཛིན་བཟུང་བྱས་པ་ནས་བོད་མི་གསུམ་ལ་ཟླ་བ་འདིའི་ཕྱི་ཚེས་བཞི་ཉིན་ལོ་གཉིས་ཀྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་དང་ཡིན་ནའང་ཁོང་གསུམ་ལ་ནག་ཉེས་ག་རེ་ཉེས་འཛུགས་བྱས་ཡོད་མེད་ཤེས་རྟོགས་མེད་པའི་སྐོར་དེ་རིང་བཙན་བྱོལ་བོད་གཞུང་གི་གསར་འགྱུར་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བཞག
དེ་ཡང་ན་ནིང་ལོར་བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་ཆོལ་ཁ་གསུམ་གྱི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེན་པོ་སྤེལ་བའི་སྐབས་རྒྱ་མིའི་དམག་དཔུང་གིས་བོད་མིའི་ཐོག་དྲག་གནོན་བྱས་པའི་བྱ་སྤྱོད་ལ་ངོ་རྒོལ་ཆེད་དུ་བོད་ཀྱི་ཁམས་འཇོ་མདའ་རྫོང་ཁུལ་གྱི་བོད་མི་ཚོས་ས་ཞིང་འདེབས་ལས་མི་བྱེད་པའི་སྐབས་རྒྱ་ནག་གཞུང་གིས་བཙན་དབང་གིས་ས་ཞིང་འདེབས་ལས་བྱེད་དུ་བཅུག་པ་མ་ཟད་དགོན་སྡེ་ཁག་ནང་དུའང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོའི་ལས་འགུལ་སྤེལ་དགེ་འདུན་པ་ཚོར་བསུན་བཙིར་ཆེན་པོ་བཟོས་པར་བརྟེན་དེའི་ཁུལ་གྱི་སྟག་ལུང་དགོན་པའི་ནང་དགེ་འདུན་པ་གཅིག་ཀྱང་ཞུགས་མཁན་མ་བྱུང་བའི་གནས་ཚུལ་བྱུང་ཡོད་པ་རེད། སྐབས་དེར་རྒྱ་ནག་གཞུང་གིས་ས་གསན་དེའི་བོད་རིགས་ལས་བྱེད་པར་དགེ་འདུན་པ་རྣམས་དགོན་པར་ཕྱིར་ལོག་ཡོང་བ་བྱེད་དགོས་པའི་འགན་འཁྲི་སྤྲད་ཀྱང་དགེ་འདུན་པ་ཕྱིར་ལོག་བྱེད་མཁན་བྱུང་མེད་པར་བརྟེན་རྒྱ་ནག་གཞུང་གིས་བོད་རིགས་ལས་བྱེད་པ་འགྱུར་མེད་དགོན་པོ་ལགས་དང་རྒྱལ་ཚང་རྡོ་རྗེ་ལགས་གཉིས་ཀྱིས་གཞུང་གི་ལས་འགན་ཡག་པོ་འཁུར་མེད་པའི་ཉེས་འཛུགས་འོག་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་གཉིས་ཉིན་འཛིན་བཟུང་བྱས་པ་དང་སྐབས་དེར་རྒྱ་མིའི་བདེ་འཇགས་མི་སྣས་བོད་མི་ལས་བྱེད་པ་ཁོང་གཉིས་ས་གནས་དེའི་ནང་དུ་ཡོད་པའི་སྐྱབས་རྗེ་དགོན་པའི་ནང་གི་དམག་སྒར་རྟེན་གཞི་བྱེད་ཡུལ་དེར་བཙན་ཁྲིད་བྱེད་པའི་ལམ་བར་བོད་མི་ཉི་ཤུ་རྩ་གྲངས་ཤིག་གིས་ཁོང་གཉིས་གློད་འགྲོལ་ཡོང་བའི་ཞུ་འབོད་བྱས་ཀྱང་ཁོང་ཚོ་ཚང་མ་འཛིན་བཟུང་བྱས་ཏེ་རྐང་ལག་ལ་ལྕགས་གཟེར་རྒྱབ་པ་སོགས་མི་ཆོས་ལས་འདས་པའི་ཉེས་རྡུང་དང་མནར་གཅོད་བཏང་སྟེ་མང་པོ་ཞིག་ལ་རྨས་སྐྱོན་ཚབས་ཆེ་བཟོས་ཡོད་ཅིང་དེ་རྗེས་བོད་མི་ཁག་ཅིག་གློད་འགྲོལ་བཏང་ཡོད་ཀྱང་བོད་མི་ལྔ་མུ་མཐུད་དོ་དམ་བཀག་ཉར་བྱས་པའི་ནང་ལོ་ན་བཞི་ཅུ་ཞེ་བདུན་ཡིན་པའི་ཨ་ཞང་ཚང་ནོར་ལྷ་ཞུ་བ་དང་ལོ་ན་བཞི་ཅུ་ཞེ་བཞི་ཡིན་པའི་དགོན་པོ་དར་རྒྱས་ལགས།ལོ་ན་བཞི་ཅུ་ཞེ་དྲུག་ཡིན་པའི་རྒྱལ་ཚང་བྱམས་པ་ལགས།ལོ་ན་ལྔ་ཅུ་ང་དྲུག་ཡིན་པའི་བུ་ལུགས་ལགས།ལོ་ན་བཞི་ཅུ་ཡིན་པའི་རྨུ་ཚ་ཚང་ཚེ་བརྟེན་ལགས་བཅས་འཇོ་མདའ་རྫོང་གི་དོ་དམ་ཁང་དུ་བཀག་ཉར་བྱས་ཡོད་ཀྱང་རྗེས་སུ་རྒྱལ་ཚང་བྱམས་པ་ལགས་དང་བུ་ལུགས་ལགས།རྨུ་ཚ་ཚང་ཚེ་བརྟེན་ལགས་གསུམ་བོད་ཀྱི་ཆབ་མདོ་ས་གནས་ཀྱི་དོ་དམ་ལྟེ་གནས་ཁང་དུ་བཙན་ཁྲིད་བྱས་པ་ཉེ་ཆར་ལོ་གཉིས་ཀྱི་བཙོན་འཇུག་ཉེས་ཆད་ཐག་གཅོད་བྱས་ཡོད་པ་རེད། འོན་ཀྱང་ནོར་ལྷ་དང་དགོན་པོ་དར་རྒྱས་ལགས་གཉིས་ནི་ངོ་རྒོལ་ཀུན་སློང་བྱེད་མཁན་གྱི་འགོ་གཙོ་ཡིན་པའི་ཉེས་འཛུགས་ཀྱིས་མུ་མཐུད་འཇོ་མདའ་རྫོང་ནང་དུ་དོ་དམ་བཀག་ཉར་བྱེད་མུས་ལ་ད་ལྟ་ཁོང་གཉིས་ལ་ཁྲིམས་ཁང་ནས་ཐག་གཅོད་གང་ཡང་བྱས་མེད་པ་རེད།