རྒྱ་གཞུང་གིས་རིན་གོང་མཐོ་བའི་གཏེར་དངོས་རྒྱུ་ཆ་བསྔོཌ་འདོན།
རྒྱ་ནག་གཞུང་གིས་ཚད་མཐོའི་འཕྲུལ་རིག་ལག་རྩལ་ལ་མཁོ་བའི་ཧ་ཅང་གི་རིན་གོང་མཐོ་བའི་གཏེར་གྱི་རྒྱུ་ཆ་བསྔོགས་འདོན་བྱས་འདུག
-
2011-02-08 -
-
-
༄༅༎རྒྱ་ནག་གཞུང་གིས་ཚད་མཐོའི་འཕྲུལ་རིག་ལག་རྩལ་ལ་མཁོ་བའི་ཧ་ཅང་གི་རིན་གོང་མཐོ་བའི་གཏེར་གྱི་རྒྱུ་ཆ་བསྔོགས་འདོན་བྱས་ཏེ་གསོག་འཇོག་བྱེད་ཀྱི་ཡོད་པའི་སྐོར་ལ་རེས་གཟའ་ཟླ་བའི་ཉིན་ལྦོལ་སི་ཀྲི་རིཏ་(Wall Street)ཞེས་པའི་དཔལ་འབྱོར་གྱི་དུས་དེབ་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་བའི་ཟླ་བ་འགའ་ཤས་དེའི་ནང་ཚད་མཐོའི་འཕྲུལ་རིག་ལ་མཁོ་བའི་རྒྱུ་ཆ་དེ་བཟོ་སྐྲུན་བྱེད་ཡུལ་གྱི་ལས་གྲ་དེ་ནི་རྒྱ་ནག་གི་བྱང་ཕྱོགས་ནང་སོག་ཁུལ་དུ་གསར་འཛུགས་བྱས་ཏེ། ནང་སོག་ནང་རྒྱུ་ཆ་དེ་ཀྲོན་ཁྲི་བཞི་ལྷག་གསོག་འཇོག་བྱས་ཡོད་པའི་གནས་ཚུལ་ན་ནིང་རྒྱ་ནག་ཕྱོགས་ནས་བཤད་ཡོད་པའི་སྐོར་དཔལ་འབྱོར་གྱི་དུས་དེབ་དེའི་ཐོག་ལུང་འདྲེན་བྱས་ཡོད་ཅིང༌། ཡིན་ནའང་རྒྱ་ནག་ཕྱོགས་ནས་རྒྱུ་ཆ་གསོག་འཇོག་བྱེད་དགོས་པའི་ཐབས་ཇུས་ཀྱི་ཞིབ་ཕྲའི་གནས་ཚུལ་སྤྱི་ཚོགས་ཐོག་གསལ་བསྒྲགས་བྱས་མེད་པའི་གནས་ཚུལ་བཀོད་ཡོད་པ་རེད། རྒྱ་ནག་ཕྱོགས་ནས་གཏེར་གྱི་རྣམ་གྲངས་༡༧གྱི་ཚོང་འབྲེལ་བྱས་ཏེ་རྒྱ་ནག་ནི་རྒྱལ་སྤྱིའི་ཚོང་འབྲེལ་གྱི་བརྒྱ་ཆ་༩༥ཟིན་གྱི་ཡོད་པར་བརྟེན་ནས། ཚད་མཐོའི་འཕྲུལ་རིག་ལ་མཁོ་བའི་རྒྱུ་ཆ་རིན་གོང་མཐོ་པོ་དེ་ཡང་ད་ཆ་རྒྱ་ནག་གཞུང་གིས་འཕེལ་རྒྱས་བཏང་བ་མ་ཟད། གསོག་འཇོག་བྱེད་ཀྱི་ཡོད་ཅིང༌། རྒྱུ་ཆ་དེ་ནི་དམིགས་བསལ་གྱི་རྫས་འགྱུར་རམ་གློག་ཤུགས་ཁབ་ལེན་གྱི་ནུས་པ་ལྡན་པའི་དངོས་པོ་ཞིག་ཡིན་པ་དང༌། རྒྱུ་ཆ་དེ་ནི་ལག་འཁྱེར་ཁ་པར་དང༌། དེང་རབས་དཔེ་གསར་ཅན་གྱི་གློག་གི་ནུས་པའི་མོ་ཊའི་རིགས་བཟོ་སྐྲུན། རླུང་གི་ཆུ་འཁོར་དང༌། བརྙན་འཕྲིན་ཐོན་གསར་པའི་རིགས་དང༌། གཞན་ཡང་དེང་དུས་ཀྱི་ཡར་ཐོན་ཅན་གྱི་འཕྲུལ་རིག་བཟོ་སྐྲུན་ལ་མཁོ་བའི་རྒྱུ་ཆ་ཞིག་ཡིན་པ་རེད།