རྒྱ་ནག་གཞུང་གིས་སྐད་འཕྲིན་བརྒྱུད་ལམ་ལ་དམ་དྲག་བྱེད་ཀྱི་འདུག
རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་ལ་ཉེ་བའི་སྐབས་དེར་རྒྱ་ནག་དང་བོད་ནང་གི་སྐད་འཕྲིན་ཐོག་དམ་དྲག་བྱེད་ཀྱི་ཡོད་འདུག
-
2017-09-13 -
-
-
རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་ཚོགས་ལ་ཉེ་བའི་སྐབས་དེར་རྒྱ་ནག་དང་བོད་ནང་གི་སྐད་འཕྲིན་ཐོག་དམ་དྲག་བྱེད་ཀྱི་ཡོད་འདུག
དེ་ཡང་ཕྱི་ཟླ་དགུ་པའི་ཚེས་༡༢ ་ཉིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པའི་དགེ་འདུན་པ་ཞིག་གི་སྐད་འཕྲིན་བེད་སྤྱོད་སྒྲིག་གཞི་དང་འགལ་འཛོལ་བྱས་ལུགས་བཤད་དེ་བཀག་འགོག་བྱས་ཅིང་། མཚན་གསུང་འདོད་མེད་པའི་སྐུ་ཞབས་ཁོང་གི་སྐད་འཕྲིན་ནང་བོད་ནང་གི་སྤུན་མཆེད་དང་ངོ་ཤེས་སོགས་ཕ་ཡུལ་གྱི་མི་མང་པོ་ཞིག་དང་འབྲེལ་བ་ཡོད་པ་ཚོར་སྐད་འཕྲིན་བརྒྱུད་རྒྱུན་དུ་སྤྱིར་བཏང་གི་ཁ་བརྡ་མང་པོ་བྱེད་ཀྱི་ཡོད་པ་ལས་དམིགས་བསལ་གྱི་ཆབ་སྲིད་དང་འབྲེལ་བའི་གནས་ཚུལ་གང་ཡང་བྲིས་མྱོང་དང་བཤད་མྱོང་མེད་ཀྱང་ཕྱི་ཟླ་དགུ་པའི་ཚེས་༡༢ ཉིན་གྱི་ཉིན་དགུང་ཚོུད་༡༢ གཡས་གཡོན་ཙམ་ལ་ཁོང་གི་སྐད་འཕྲིན་ནང་རྒྱ་ཡིག་ཐོག་འཕྲིན་ཐུང་མང་པོ་འབྱོར་ཡོད་ཅིང་། དེའི་ནང་དུ་མི་སྒེར་གྱི་སྐད་འཕྲིན་བེད་སྤྱོད་བྱེད་ཕྱོགས་སྒྲིག་གཞི་དང་འགལ་འདུག་ཟེར་བཤད་དེ། རྒྱུན་ལྡན་གྱི་བེད་སྤྱོད་ཚད་འཛིན་བྱས་ཏེ་གནས་ཚུལ་གཏོང་ལེན་དང་། སྐད་འཕྲིན་ཚོགས་པ་ཁག་ནང་མཉམ་ཞུགས་བྱེད་མ་ཐུབ་པ་བཟོས་པ་སོགས་བཀག་འགོག་བྱས་ཡོད་པ་ལས་གཞན་གྱི་རྒྱུ་རྐྱེན་གང་ཡིན་ཤེས་རྟོག་མེད་པ་དང་། རྩ་བའི་རྒྱ་ནག་གཞུང་གིས་དེང་སྐབས་སྐད་འཕྲིན་ལ་དམ་དྲག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་པ་ལྟར་ལག་བསྟར་བྱས་པ་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པའི་སྐོར་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།
ཉེ་ཆར་ཕྱི་ཟླ་དགུ་པའི་ཚེས་༧ ་ཉིན་རྒྱ་ནག་རྒྱལ་ཁབ་ཀྱི་དྲ་རྒྱའི་གཞུང་དོན་ཁང་གིས། དྲ་རྒྱ་དང་ཆ་འཕྲིན་སོགས་ཀྱི་དོ་དམ་གཏན་འབེབས་ཟེར་བ་ཁྱབ་བསྒྲགས་བྱས་ཡོད་པ་དང་། གཏན་འབེབས་དེ་ནི་འདི་ལོའི་ཕྱི་ཟླ་བཅུ་པའི་ཚེས་༨ ་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བཀོད་ཡོད་པ་མ་ཟད། དེའི་ནང་ལ། སྐད་འཕྲིན་ཚོགས་པ་སོགས་ཀྱི་ཚོགས་གཙོས་ཆ་འཕྲིན་གྱི་ནང་དོན་ཐད་བདེ་འཇགས་ལ་དོ་དམ་དང་འགན་འཁུར་དགོས་པ་དང་། སྐད་འཕྲིན་ཚོགས་པ་སོགས་ཀྱི་ཚོགས་གཙོ་མིང་ངོ་མ་བཀོད་དགོས་པ་མ་ཟད་། ཐོབ་ཐང་ལག་འཁྱེར་ངོ་མའི་ཐོག་ནས་བདེན་མིན་ར་སྤྲོད་བྱ་དགོས་པའི་སྐོར་བཀོད་ཡོད་ལ་ད་དུང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ནས་བཀག་བསྡོམ་བྱས་པའི་གནས་ཚུལ་གྱི་ནང་དོན་རྒྱུད་སྤེལ་བྱེད་མི་ཆོག་པ་དང་། རྒྱལ་ཁབ་ཀྱི་ཁྲིམས་དང་སྒྲིག་གཞི་གཏན་འབེབས་ལས་འགལ་བའི་བེད་སྤྱོད་གཏོང་མཁན་ཚོར་ཉེན་བརྡ་གཏོང་རྒྱུ་དང་། ཡོངས་གྲགས་ཀྱིས་མཚམས་འཇོག་བྱེད་དུ་བཅུག་པ། འབྲེལ་ཡོད་ཀྱི་ཟིན་ཐོ་ཉར་ཚགས་བྱས་ཏེ་འབྲེལ་ཡོད་གཙོ་གནད་སྡེ་ཚན་ལ་སྤྲོད་རྒྱུ་སོགས་བྲིས་ཡོད་པ་རེད།
གསར་འགོད་པ་སངས་རྒྱས་རྡོ་རྗེ། ཕབ་བཤུས་ཉི་མ་གཡུ་སྒྲོན།