རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཚོང་འགྲེམས་ལ་འགྲེལ་བཤད།
རྒྱ་གཞུང་གིས་ལས་སྣོན་བྱ་རྒྱུ་རྒྱུ་ཆ་ཁག་ཅིག་ཕྱི་རྒྱལ་དུ་ཚོང་འགྲེམས་བྱ་རྒྱུར་ཚད་བཀག་ཡོད་པའི་དངོས་ཟོག་གྲས་སུ་རྩིས་རྒྱུའི་རེ་འདུན་བཏོན་པ།
-
2009-06-15 -
-
-
༄༅༎རྒྱ་ནག་གཞུང་གིས་ལས་སྣོན་བྱ་རྒྱུ་རྒྱུ་ཆ་ཁག་ཅིག་ཕྱི་རྒྱལ་དུ་ཚོང་འགྲེམས་བྱ་རྒྱུར་ཚད་བཀག་ཡོད་པའི་དངོས་ཟོག་གྲས་སུ་རྩིས་རྒྱུའི་རེ་འདུན་བཏོན་པའི་གནད་དོན་ཐོག་རང་སྲུང་གི་འགྲེལ་བཤད་རྒྱབ་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཉེ་ཆར་ཟངས་དང་ཧ་ཡང་སོགས་ལས་སྣོན་མ་བྱས་པའི་དངོས་ཟོག་ཉི་ཤུ་རྩ་གྲངས་ཤིག་ཕྱི་རྒྱལ་ཁག་ཏུ་ཚོང་འགྲེམས་བྱ་རྒྱུར་ཚད་བཀག་ཕྱིར་ཚོང་གི་དངོས་ཟོག་གྲས་སུ་རྩི་རྒྱུའི་སྲིད་ཇུས་གཏན་འབེབས་བྱས་པའི་ཐོག་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ཨ་རི་གཞུང་གིས་གནད་དོན་དེའི་ཐོག་ཕྱི་ཟླ་དྲུག་པའི་ཚེས་ཉི་ཤུ་གཉིས་ཉིན་རྒྱ་ནག་འཛམ་གླིང་ཚོང་དོན་སྒྲིག་འཛུགས་ཀྱི་ལྷན་ཚོགས་བསྐོངས་ཚོགས་གནང་ཏེ་དེའི་ཐོག་རྒྱ་ནག་གི་སྐུ་ཚབ་བཀའ་བསྐོངས་དྲི་བ་གནང་རྒྱུའི་གྲ་སྒྲིག་གནང་གི་ཡོད་པའི་སྐོར་གཟའ་འཁོར་སྔོན་མ་ཡོ་རོབ་ཀྱི་འབྲེལ་ཡོད་གནས་ཚུལ་ཞིག་ཕྱིར་བསྒྲགས་བྱས་པའི་རྗེས་ད་རེས་རྒྱ་ནག་གཞུང་གིས་གོང་ཞུས་དངོས་ཟོག་དེ་དག་ཕྱི་རྒྱལ་ཁག་ལ་ཚོང་འགྲེམས་བྱ་རྒྱུར་ཚད་བཀག་གི་དངོས་ཟོག་རིགས་སུ་རྩི་རྒྱུའི་སྲིད་ཇུས་འཛིན་ཡས་དེ་ནི་ནུས་པའི་འབྱུང་ཁུངས་དང་འཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་ལུགས་རང་སྲུང་གི་ལན་འདེབས་བྱས་ཡོད་པ་རེད། རྒྱ་ནག་ཚོང་དོན་ལས་ཁང་གི་མགྲིན་ཚབ་པ་ཡའོ་ཅན་གྱིས་རྒྱ་ནག་གཞུང་ནས་ཕྱི་རྒྱལ་ནང་ཚོང་འགྲེམས་བྱེད་པའི་གོང་ཞུས་དངོས་ཟོག་དེ་རིགས་ཚད་བཀག་ཡོད་པའི་དངོས་ཟོག་རིགས་སུ་རྩིས་ནས་དཔྱ་ཁྲལ་མཐོ་རུ་གཏོང་རྒྱུའི་སྲིད་ཇུས་འཛིན་ཡས་དེ་ནི་འཛམ་གླིང་ཚོང་དོན་གྱི་འཁོར་ཡུག་བཟང་དུ་གཏོང་རྒྱུ་མ་ཟད་རྒྱ་ནག་གིས་ཕྱི་རྒྱལ་དུ་ཕྱིར་ཚོང་བྱེད་ཀྱི་ཡོད་པའི་དངོས་ཟོག་གི་སྒྲིག་གཞི་ཡར་རྒྱས་གཏོང་རྒྱུའི་ཆེད་དུ་ཡིན་ལུགས་བརྗོད་ཡོད་པ་རེད། ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་དང་ཨ་རི་ཕྱོགས་གཉིས་ཀས་རྒྱ་ནག་གཞུང་གིས་གོང་ཞུས་ལས་སྣོན་མ་བྱས་པའི་དངོས་ཟོག་གྲངས་ཉི་ཤུ་ལྷག་ཙམ་ཞིག་ཚད་བཀག་ཡོད་པའི་དངོས་ཟོག་རིགས་ནང་རྩིས་རྒྱུའི་རེ་འདུན་བཏོན་ཡོད་པའི་གནད་དོན་དེའི་ཐོག་ཐུགས་འཚབ་གནང་བཞིན་ཡོད་པ་དང་ཨ་རི་དང་ཡོ་རོབ་མཉམ་འབྲེལ་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ནས་གོང་ཞུས་དངོས་ཟོག་དེ་རིགས་ཚད་བཀག་ཡོད་པའི་དངོས་ཟོག་རིགས་སུ་རྩིས་ནས་དངོས་ཟོག་དེ་རིགས་ཕྱི་ཕྱོགས་སུ་ཚོང་འགྲེམས་བྱེད་ཡས་ཀྱི་གྲངས་ཚད་ཉུང་དུ་གཏོང་རྒྱུ་མ་ཟད་ཕྱི་རྒྱལ་ཁག་ཏུ་ཚོང་འགྲེམས་བྱེད་ཡས་དེ་ཚོའི་ཐོག་ལ་ཡང་སྒོ་ཁྲལ་མཐོ་རུ་བཏང་ནས་དངོས་ཟོག་གི་མ་གནས་ཆེན་པོ་བཟོ་རྒྱུའི་སྤྱོད་ཚུལ་དེར་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་གྱི་ཡོད་པ་རེད།