དུས་དབང་རྗེས་བོད་མི་ཕྱིར་ལོག་མཁན་དོ་དམ་བཀག་ཉར།

ཉེ་ཆར་རྒྱ་གར་དུ་དུས་འཁོར་བཀའ་དབང་ཞུ་བར་བསྐྱོད་དེ་བོད་དུ་ཕྱིར་ལོག་བྱེད་མཁན་བོད་མི་ཚོ་དོ་དམ་བཀག་ཉར་བྱས་པ།


༄༅།།དེ་རིང་རེས་གཟའ་པ་སངས་ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ཉེ་ཆར་རྒྱ་གར་དུ་དུས་འཁོར་བཀའ་དབང་ཞུ་བར་བསྐྱོད་དེ་བོད་དུ་ཕྱིར་ལོག་བྱེད་མཁན་བོད་མི་བརྒྱ་ཕྲག་འགའ་ཤས་རྒྱ་ནག་གཞུང་གིས་དོ་དམ་བཀག་ཉར་བྱས་པ་མ་ཟད། ཁོང་ཚོར་བཙན་ཤེད་ཀྱི་སྒོ་ནས་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པའི་སྐོར་གསུང་ཡོད་པ་རེད། དེ་ཡང་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ལྟ་རྟོགས་ཚོགས་པས། དེ་སྔ་ཕྱི་ལོ་༡༩༧༠ དོན་གྲངས་ཀྱི་མཇུག་ཙམ་དུ་བོད་ས་ཁྱོན་ཡོངས་སུ་ཟིང་ཆ་བྱུང་བའི་སྐབས་དེ་དུས་རྒྱ་ནག་གཞུང་གིས་བོད་མི་སྐྱ་བོ་འཕོན་ཆེན་དོ་དམ་བཀག་ཉར་བྱས་པའི་རྗེས་མི་ལོ་སུམ་ཅུ་སོ་གྲངས་ཀྱི་རྗེས་སུ་ད་རེས་རྒྱ་གར་ནས་ཕྱིར་ལོག་བྱེད་མཁན་བོད་མི་ཁྱོན་ཆེ་དོ་དམ་བཀག་ཉར་བྱས་པ་ཐེངས་དང་པོ་ཡིན་པ་ངོས་འཛིན་གནང་གི་ཡོད་པ་དང༌། ན་ནིང་ཕྱི་ཟླ་༡༢ པའི་ཚེས་༣༡ ནས་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༡ བར་རྒྱ་གར་ཤར་ཕྱོགས་Bihar མངའ་སྡེའི་ནང་དུ་ཡོད་པའི་ནང་པའི་གནས་མཆོག་རྡོ་རྗེ་གདན་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་དཔལ་དུས་ཀྱི་བཀའ་དབང་ཞུ་བར་བོད་ནས་ཆོས་ཞུ་བ་བདུན་སྟོང་ཙམ་རྒྱ་ནག་གཞུང་གིས་ཆོག་མཆན་ལག་འཁྱེར་སྤྲད་ཡོད་པ་དེ་ནི་སྐབས་དེར་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ངོས་ནས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་པའི་སྲིད་ཇུས་ཕྲན་བུ་ལྷུག་ཏུ་གཏོང་རྒྱུའི་རྣམ་པ་ཡིན་སྲིད་པའི་ངོས་འཛིན་གནང་ཡོད་པ་རེད། དོན་དངོས་ཐོག་བོད་ཀྱི་ཤར་ཕྱོགས་ཁམས་དང་ཨ་མདོའི་ཁུལ་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྣོ་ངར་ཤུགས་ཆེ་རུ་ཕྱིན་པ་དེའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ཁོ་ན་བྱས་པ་མ་ཟད། བོད་ཤར་ཕྱོགས་ཁུལ་དུ་བྱུང་བའི་ངོ་རྒོལ་གྱི་ཚ་རླབས་དེ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཁྱབ་སྤེལ་རྒྱུར་རྒྱ་ནག་གཞུང་གིས་འཇིགས་སྣང་་བྱེད་པ་ཡིན་ཞིང༌། འོན་ཀྱང་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་Liu Weimin ལ་གནས་ཚུལ་དེའི་སྐོར་འདྲི་བ་བྱས་པའི་སྐབས། བོད་མི་དོ་དམ་བཀར་ཉར་བྱས་པའི་གནས་ཚུལ་སྐོར་གང་ཡང་ཤེས་རྟོགས་མེད་ཅེས་བཤད་པ་མ་ཟད། ཕྱི་རྒྱལ་དུ་ཡོད་པའི་ཚོགས་པ་ཁག་ཅིག་གིས་བོད་ཀྱི་ས་ཁུལ་ནང་གི་གནས་སྟངས་ཛ་དྲག་ཏུ་གཏོང་གི་ཡོད་པའི་ཁ་གཡོག་བྱས་ཡོད་པ་རེད། གོང་གསལ་འགྲོ་བ་མིའི་ལྟ་རྟོགས་ཚོགས་པ་དེས་གསུང་ན། སྐབས་དེར་༧གོང་ས་མཆོག་ནས་དུས་འཁོར་བཀའ་དབང་ཞུ་བར་རྒྱ་ནག་སྐམ་ས་ཆེན་པོ་ནས་རྒྱ་མི་རིགས་བདུན་བརྒྱ་སླེབས་ཡོད་པ་དེ་དག་རྒྱ་ནག་ཏུ་ཕྱིར་ལོག་བྱས་པའི་རྗེས་ད་ལྟ་བར་དུ་དོ་དམ་བཀར་ཉར་བྱས་པའི་གནས་ཚུལ་གང་ཡང་ཐོན་མེད་པ་དང༌། འོན་ཀྱང་བོད་མི་ནི་རྒྱ་མི་རིགས་དང་མཐའ་ཅིག་ཏུ་ཐ་དད་ཡིན་པའི་རྒྱུ་མཚན་ལ་བརྟེན་ནས་དོ་དམ་བཀར་ཉར་བྱས་པ་གསལ་པོ་རེད་ཅེས་གསུང་ཡོད་པ་རེད།
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org