བོད་ནང་གནམ་གཤིས་ཚ་དྲོད་ཆེ་རུ་ཕྱིན་པ།

བོད་ནང་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དེ་ད་དུང་མུ་མཐུད་ནས་ཇེ་སྡུག་ཏུ་ཕྱིན་ཚེ་དེས་རྐྱེན་པས་འཁོར་ཡུག་གི་གནས་སྟངས་སྡུག་ཏུ་འགྲོ་རྒྱུ།

༄༅༎བོད་ནང་ཚ་དྲོད་ཆེ་རུ་འགྲོ་བཞིན་པ་དེ་ད་དུང་མུ་མཐུད་ནས་ཇེ་སྡུག་ཏུ་ཕྱིན་ཚེ་དེས་རྐྱེན་པས་འཁོར་ཡུག་གི་གནས་སྟངས་སྡུག་ཏུ་འགྲོ་རྒྱུ་མ་ཟད་ཆུའི་མཐུན་ཁུངས་དཀོན་དུ་འགྲོ་རྒྱུ་ཡིན་པ་གནམ་གཤིས་རིག་པ་ཚོས་ཉེན་བརྡ་བཏང་ཡོད་པ་རེད།

སའི་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་དེ་བོད་ནང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་དང་དེས་རྐྱེན་པས་འཛམ་གླིང་ཁྱོན་ཡོངས་ཀྱི་འཁོར་ཡུག་དང་ལྷག་པར་དུ་ཨེ་ཤེ་ཡའི་ཡུལ་གྲུ་ཁག་གི་མི་མང་གི་རྒྱུན་ལྡན་འཚོ་བར་ཐད་ཀར་གནོད་འཚེ་ཕོག་སྲིད་པའི་སྐོར་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་གནམ་གཤིས་བརྟག་དཔྱད་རིག་པའི་ཚན་ཁག་གི་འགན་འཛིན་ཟུར་པ་ཆིན་ཏ་ཧེ་ཡིས་བརྗོད་པའི་སྐད་ཆ་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་ལུང་འདྲེན་བྱས་ནས་གཟའ་ཟླ་བའི་ཉིན་གནས་ཚུལ་སྤེལ་ཡོད་པརེད།

བོད་ནང་༡༩༦༡ལོ་ནས་བཟུང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་བར་ཚ་དྲོད་ལོ་རེ་བཞིན་སེལ་ཤི་ཡ་སེ་ཚག་སུམ་ཅུ་སོ་གཉིས་ཙམ་འཕེལ་ཡོད་པ་དང་དེ་ནི་རྒྱ་ནག་རྒྱལ་ནང་གི་ས་ཁུལ་གཞན་དང་བསྡུར་ན་ཧ་ཅང་གིས་མཐོ་བ་ཡོད་པ་རེད་ལ་རྒྱ་ནག་གི་ཚ་དྲོད་ཉེན་བརྡ་ཚག་༠༥ནས་ཚག་༠༨བར་ལས་བརྒལ་གྱི་ཡོད་ཅིང་ད་ལོ་ཕྱི་ཟླ་བདུན་པའི་ནང་བོད་ནང་གི་ཚ་དྲོད་ཕྱི་ལོ་༡༩༥༩ལོ་ནས་ད་བར་གྱི་ཚ་དྲོད་ཆེ་ཤོས་སུ་སླེབས་ཡོད་པ་རེད། དེ་བཞིན་བོད་ཀྱི་ནུབ་ཕྱོགས་དང་ལྷོ་ཁུལ་ས་ཁུལ་དུ་ཆར་པ་འབབ་ཡས་ཀྱིས་བརྒྱ་ཆ་ཡང་དེ་སྔོན་གྱི་ལོ་དང་བསྡུར་ན་བརྒྱ་ཆ་སུམ་ཅུ་ནས་བརྒྱད་ཅུ་ཙམ་ཉུང་དུ་ཕྱིན་ཡོད་པ་དང་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་གནས་སྟངས་དེ་བོད་ནང་དེ་བས་ཚབས་ཆེ་བ་ཡོད་ཅིང་ཚ་དྲོད་ཆེ་རུ་ཕྱིན་པའི་རྐྱེན་གྱིས་བོད་ཀྱི་འཁྱག་རོམ་བཞུར་ཚད་ཡང་འདས་པའི་ལོ་ངོ་མང་པོའི་ནང་ནས་མྱུར་ཚད་མཐོ་ཤོས་སུ་སླེབས་ཡོད་པ་དེས་དུས་ཡུན་ཐུང་ངུའི་ནང་བོད་ཀྱི་འཁྱག་རོམ་བཞུར་ནས་དེའི་རྒྱུད་དུ་གནས་པའི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་ཆུ་ལོག་གི་གནོད་འཚེ་ཡོང་སྲིད་པ་མ་ཟད་དུས་ཡུན་རིང་པོའི་ཆ་ནས་འཁྱག་རོམ་མགྱོགས་མྱུར་བཞུར་བར་བརྟེན་ནས་བོད་ཀྱི་ཆུ་འགོར་བརྟེན་ནས་འཚོ་གནས་བྱེད་བཞིན་པའི་ཨེ་ཤེ་ཡའི་ཡུལ་གྲུ་ཁག་ནང་མ་འོངས་འཐུང་ཆུ་མི་འདེངས་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་རྒྱ་ནག་གི་གནམ་གཤིས་རིག་པ་བས་འགྲེལ་བརྗོད་གནང་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org