རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་དུ་ཕེབས་འབྱོར་བྱུང་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་གར་ནང་ཉིན་གསུམ་རིང་གཟིཌ་སྐོར་གནང་ཕྱིར་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊའི་ནང་ཕེབས་འབྱོར་བྱུང་འདུག
-
2008-09-07 -
-
-
༄༅༎རྒྱ་ནག་གི་ཕྱི་སྲིད་བློན་ཆེན་མཆོག་རྒྱ་གར་ནང་ཉིན་གསུམ་རིང་གཟིགས་སྐོར་གནང་ཕྱིར་ཁ་ས་གཟའ་ཉི་མའི་ཉིན་རྒྱ་གར་གྱི་གྲོང་ཁྱེར་ཀོལ་ཀ་ཊའི་ནང་ཕེབས་འབྱོར་བྱུང་འདུག
རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དབྱང་ཅི་ཁྲི་ཡིས་རྒྱ་གར་གྱི་ཤར་ཕྱོགས་གྲོང་ཁྱེར་ཀོལ་ཀ་ཊའི་ནང་རྒྱ་ནག་གཞུང་གི་དོན་གཅོད་ཁང་གསར་པ་ཞིག་དབུ་འབྱེད་གནང་རྒྱུ་དང་དེ་ནས་རྒྱ་གར་གྱི་ཕྱི་སྲིད་བློན་ཆེན་ པར་ནབ་མུ་ཁར་ཇི་མཆོག་དང་སྲིད་བློན་མན་མོ་ཧན་སིང་རྣམ་གཉིས་དེ་རིང་གཟའ་ཟླ་བའི་ཉིན་རྒྱལ་ས་ལྡི་ལི་གསར་པའི་ནང་མཇལ་འཕྲད་གནང་འཆར་ཡོད་ཅིང་ ཕྱི་སྲིད་བློན་ཆེན་པར་ནབ་མུ་ཁར་ཇི་མཆོག་ནས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་གཟིགས་སྐོར་ཕེབས་པར་དགའ་བསུ་ཡོད་སྐོར་དང་ཁོང་ནི་རྒྱ་གར་གྱི་སྐུ་མགྲོན་ཞིག་ཏུ་བཀུར་བསྟི་ཞུ་རྒྱུ་ཡིན་ལུགས་གསུངས་འདུག རྒྱ་གར་གཞུང་གི་འབྲེལ་ཡོད་དཔོན་རིགས་རྣམས་ཀྱིས་ད་རེས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་ཕེབས་སྐབས་རྒྱ་དཀར་ནག་གཉིས་དབར་ཚོང་འབྲེལ་རྒྱ་བསྐྱེད་གཏོང་ཕྱོགས་དང་ས་མཚམས་རྩོད་རྙོག་སྐོར་གྲོས་མོལ་གནང་བ་ཁག་ལ་བསྐྱར་ཞིབ་གནང་རྒྱུ་ཡིན་ལུགས་གསུངས་འདུག རྒྱ་གར་གཞུང་གིས་བརྗོད་པ་བཞིན་ལྟར་ན་ རྒྱ་ནག་གཞུང་གིས་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་ཀི་ལོ་མི་ཊར་གྲུ་བཞི་མ་༣༨༠༠༠ཙམ་བཙན་བཟུང་བྱས་སྐོར་དང་ཡང་རྒྱ་ནག་གཞུང་ངོས་ནས་རྒྱ་གར་བྱང་ཕྱོགས་མོན་ཏ་ལྦང་ཁུལ་གྱི་མངའ་སྡེ་ཨ་རུ་ན་ཆལ་པར་རྡེཤ་ཡོངས་རྫོགས་སམ་ཀི་ལོ་མི་ཊར་གྲུ་བཞི་མ་༩༠༠༠༠ཙམ་རྒྱ་ནག་གི་ཁོངས་གཏོགས་ཡིན་ཚུལ་བརྗོད་ཀྱི་ཡོད་པ་རེད་ ད་བར་རྒྱ་དཀར་ནག་གཉིས་དབར་ས་མཚམས་རྩོད་རྙོག་སེལ་ཐབས་སུ་གྲོས་མོལ་རིམ་པ་༡༡བྱས་ཀྱང་ དོན་འབྲས་སོན་པ་གང་ཡང་བྱུང་མེད་པ་རེད༎