བོད་ནང་དཔལ་འབར་བསྐོར་སྐྱོད་སྐབས་དམ་བསྒྲགས་ཤུགས་ཆེ་བྱེད་འཆར།

བོད་ནང་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་སྐྱོད་བྱེད་པའི་སྐབས་ཟིང་ཆ་ཡོང་རྒྱུའི་ཞེད་སྣང་གི་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་འདུག

༄༅༎རྒྱ་ནག་གཞུང་ནས་ལྷ་སའི་ནང་དཔལ་འབར་བསྐོར་སྐྱོད་བྱེད་རྒྱུའི་དུས་ཚོད་སྐབས་རེ་ཕྱི་འགྱངས་བྱས་པ་དང་སྐབས་རེ་གསང་བ་བྱས་པ་སོགས་མཐའ་མ་གསལ་བསྒྲགས་སྤེལ་དོན་ལྟར་ན་ བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་གཏན་འཁེལ་ཡོད་པ་རེད། འོན་ཀྱང་དེ་དང་ཆབས་ཅིག་རྒྱ་ནག་གཞུང་ནས་དཔལ་འབར་བསྐོར་བསྐྱོད་བྱེད་པའི་སྐབས་བོད་མི་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་ཉེན་ཁ་མཐོང་གི་ཡོད་པ་རེད་ལ་ཕྱིའི་རྒྱལ་ཁབ་ཀྱི་གསར་འགོད་པ་མང་པོ་ཞིག་ནས་བོད་ནང་འགྲོ་རྒྱུའི་ཆོག་མཆན་ཞུས་ཀྱང་རྒྱ་ནག་གི་ཨོ་ལིམ་པིག་རྩེད་འགྲན་ཚོགས་ཆུང་ནས་བཀའ་འཁྲོལ་སྤྲད་མེད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་འགོ་འཁྲིད་བྱམས་པ་ཕུན་ཚོགས་ལགས་ནས་བོད་ནང་ཨོ་ལིམ་པིག་གི་དཔལ་འབར་བསྐོར་སྐྱོད་ཀྱི་ལས་དོན་ལམ་ལྷོང་ལྡན་པ་ཞིག་ཡོང་གི་རེད་ཅེས་གཏམ་བཤད་སྤེལ་ཡོད་པ་རེད། ཡིན་ནའང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ནས། ད་ལྟའི་ཆར་བོད་འདི་བཞིན་བཙོན་ཁང་ཆེན་པོ་ཞིག་ཏུ་གྱུར་ཡོད་རེད་ཅེས་གསུངས་འདུག། གང་ལྟར་བོད་རང་སྐྱོང་ལྗོངས་ཀྱི་ས་ཁུལ་དུ་ཐོག་མའི་འཆར་གཞི་བྱས་ན་ ཉིན་གྲངས་གསུམ་རིང་བསྐོར་སྐྱོད་བྱེད་རྒྱུ་ཡིན་ནའང་ཕྱིས་སུ་ལས་འགུལ་སྤེལ་རྒྱུའི་ཉེན་ཁ་མཐོང་ནས་ད་ཆ་ཉིན་གྲངས་གཅིག་རིང་མ་གཏོགས་བསྐོར་སྐྱོད་བྱེད་རྒྱུ་མིན་པ་རེད།

ཡང་འདི་ནས་ལྷ་སའི་ནང་ཞལ་པར་ཐོག་ནས་བཀའ་འདྲི་ཞུས་པའི་སྐབས་དམ་བསྒྲགས་ཤུགས་ཆེ་ཡོད་པའི་སྐོར་ངོ་སྤྲོད་གནང་གི་འདུག་ལ་ དཔལ་འབར་གཟའ་སྤེན་པའི་ཉིན་འཁྱེར་འགྲོ་གི་ཡོད་ཀྱང་དཔལ་འབར་འཁྱེར་མཁན་ཚོ་གཟའ་པ་སངས་ནས་བཟུང་གཞུང་གི་གོ་སྒྲིག་བྱས་པའི་མགྲོན་ཁང་ནང་ཉལ་དགོས་ཀྱི་ཡོད་པ་ལས་སོ་སོའི་ཁང་པའི་ནང་བསྡད་ཆོག་གི་མེད་པ་སོགས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org