ཀོའོ་སྦོ་ཤུང་ལ་ལྐོག་ཟའི་སྐྱོན་འཛུགས་དང་གྱོད་ཞིབ་བྱེད་བཞིན་པ།
རྒྱ་ནག་དབུས་དམག་སྤྱི་ཁང་གི་དེ་སྔའི་གཙོ་འཛིན་གཞོན་པ་ཀོའོ་སྦོ་ཤུང་(Guo Boxiong)གི་ཐོག་གྱོད་ཞིབ་བྱེད་འགོ་བཙུགས་ཡོད་པ།
-
2016-04-05 -
-
-
རྒྱ་ནག་དབུས་དམག་སྤྱི་ཁང་གི་དེ་སྔའི་གཙོ་འཛིན་གཞོན་པ་ཀོའོ་སྦོ་ཤུང་(Guo Boxiong)གི་ཐོག་གྱོད་ཞིབ་བྱེད་འགོ་བཙུགས་ཡོད་པ།
དེ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་པིང་གིས་རྒྱ་ནག་བདེ་སྲུང་སྒྲིག་འཛུགས་ཀྱི་ནང་ལྐོག་ཟའི་བྱ་སྤྱོད་ཐེར་འདོན་དང་། གདོང་ལེན་གྱི་ལས་འགུལ་ཤུགས་སྤེལ་བཞིན་པའི་ཁོངས་ནས་འདི་ཚེས་༥་གཟའ་མིག་དམར་ཉིན། རྒྱ་ནག་གཞུང་གིས་རྒྱ་ནག་དབུས་དམག་སྤྱི་ལྷན་ཁང་གི་དེ་སྔའི་གཙོ་འཛིན་གཞོན་པ་ཐེ་བའི་མཐོ་རིམ་དམག་དཔོན་ཁག་གཅིག་གིས། དཔོན་རིགས་ཀྱི་གོ་གནས་ཚོང་བསྒྱུར་གྱི་ལྐོག་ཟའི་བྱ་སྤྱོད་ཚབས་ཆེ་སྤེལ་ཡོད་པའི་སྐྱོན་བཙུགས་བྱས་འདུག།
དབང་ཤུགས་ཧ་ཅང་ཆེ་བའི་རྒྱ་ནག་དབུས་དམག་སྤྱི་ཁང་གི་དེ་སྔའི་གཙོ་འཛིན་གཞོན་པ་ཀོའོ་སྦོ་ཤུང་(Guo Boxiong)ནི་ཕྱི་ལོ་༢༠༡༢་ལོར་གོ་གནས་དེ་ནས་མར་ཕབ་ཅིང་། ཕྱི་ལོ་༢༠༡༥་ལོའི་ཕྱི་ཟླ་༧་ནང་ཁོང་གི་ཐོག་གྱོད་ཞིབ་བྱེད་འགོ་བཙུགས་ཡོད་པ་རེད།
འདི་ཚེས་༥་གཟའ་མིག་དམར་ཉིན་རྒྱ་ནག་བདེ་སྲུང་ལྷན་ཁང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་བཀོད་པར་གཞིགས་ན། དབུས་ཞིབ་དཔྱོད་ལས་ཁུངས་ནས་ཁོ་པའི་ཐོག་ཞིབ་འཇུག་གི་ལས་དོན་སྤེལ་ཟིན་ཏེ། ད་ཆ་ཁོ་པའི་གནད་དོན་དེ་ཁྲིམས་ཁང་དུ་གྱོད་ཞིབ་ཆེད་རྩིས་སྤྲོད་ཟིན་ལུགས་བཀོད་ཡོད་པ་རོཡེ་ཀྲརསི་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག།
ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས། ཀོའོ་སྦོ་ཤུང་གི་ཐད་རྩོམ་ཡིག་ཅིག་སྤེལ་ཡོད་པ་དེའི་ནང་། ཀོའོ་སྦོ་ཤུང་གིས་ཁོ་པའི་གོ་གནས་བེད་སྤྱད་ནས་ལས་ཀའི་གནས་རིམ་སྤར་བ་དང་གནས་སྤོ་བཏང་བ་སོགས་བྱས་ཤིང་། ཁོ་པ་ཐད་ཀར་རམ་ཁོ་པའི་ནང་མི་བརྒྱུད་ལྐོག་རྔན་འབོར་ཆེན་བླངས་ཡོད་པ་རེད་ཅེས་དང་། ཞིབ་དཔྱོད་པས་ཁོ་པའི་གྱོད་དོན་ཐད་དཔང་རྟགས་ཧ་ཅང་མང་བ་ཞིག་བསྡུ་རུབ་བྱས་ཡོད་པ་བཀོད་འདུག། འོན་ཀྱང་ཤིན་ཧྭ་གསར་ལས་ཁང་གིས་ཀོའོ་སྦོ་ཤུང་གིས་རང་ཉིད་དག་ཐེར་བྱ་རྒྱུར་ཁྲིམས་རྩོད་པའི་ཐོབ་ཐང་ཡོད་པར་མ་ཟད། ཞིབ་དཔྱོད་སྐབས་ཀྱི་དྲི་བ་ཡོངས་རྫོགས་ཀློག་རྒྱུའི་ཐོབ་ཐང་ཡང་བྱུང་ཡོད་པ་འགྲེལ་བརྗོད་བྱས་འདུག།
ཀོའོ་སྦོ་ཤུང་དང་འདྲ་བ་ཡང་དེ་སྔའི་རྒྱ་ནག་དབུས་དམག་སྤྱི་ཁང་གི་གཙོ་འཛིན་གཞོན་པ་ཤུད་ཚའི་ཧའོ་ཐོག་ལ་ཡང་ལྐོག་ཟའི་ནག་ཉེས་ཕོག་ཅིང་། རྒྱ་ནག་གཞུང་ཕྱོགས་ནས་ཁོ་པས་གོ་གནས་ཚོང་བསྒྱུར་བྱས་ཏེ་ལྐོག་རྔན་འབོར་ཆེ་བླངས་ཡོད་པ་ངོས་ལེན་ཞུས་ལུགས་ཁྱབ་བསྒྲགས་བྱས་ཡོད་པ་རེད། ཤུད་ཚའི་ཧའོ་སྔ་ལོ་འདས་གྲོངས་སུ་གྱུར་ཡོད་པ་རེད།
ཀོའོ་སྦོ་ཤིང་གི་བུ་ཀོའོ་ཤེང་སྒང་ཡང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གི་དམག་སྤྱི་མཐོ་གྲས་ཤིག་ཡིན་ཞིང་། ཁོ་པའི་ཐོག་ལ་ཡང་སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་ཞིབ་དཔྱོད་བྱེད་འགོ་བཙུགས་ཡོད་པ་རེད༎
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།