རྒྱ་ནག་གིས་བོད་དེ་ལྷ་ཡུལ་ལྟ་བུར་གནས་ཡོད་ལུགས་ཧམ་བཤད།
རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་པ་དང་བོད་དེ་ལྷ་ཡུལ་ལྟ་བུར་གནས་ཡོད་ལུགས་ཧམ་བཤད།
-
2009-03-11 -
-
-
༄༅༎སུམ་བཅུའི་དུས་དྲན་ཐེངས་ལྔ་བཅུ་པའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གཞུང་གིས་ཉེ་དུས་བོད་ནང་རྒྱལ་གཅེས་ཆོས་གཅེས་དང་རྡུང་རྡེག་ཚ་ནན་སོགས་གཅིག་མཇུག་གཉིས་མཐུད་ཀྱིས་ལས་འགུལ་སྤེལ་ཏེ་བོད་མི་རྣམས་བཙན་གནོན་གདུག་རྩུབ་ཚབས་ཆེའི་འོག་དམྱལ་བ་མི་ཡུལ་དུ་མྱོང་བ་ལྟ་བུའི་དཀའ་སྡུག་འོག་གནས་ཡོད་ལུགས་བཀའ་གནང་བ་དེ་ནི་བདེན་པ་མིན་ལུགས་རྒྱ་ནག་གཞུང་གིས་ལན་འདེབས་བྱས་ཡོད་པ་མ་ཟད་བོད་ནང་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་ལུགས་དང་བོད་མི་རྣམས་བདེ་སྐྱིད་ཀྱི་འཚོ་བར་ལོངས་སུ་སྤྱོད་བཞིན་པ་དང་བོད་དེ་ལྷ་ཡུལ་ལྟ་བུར་གནས་ཡོད་ལུགས་ཧམ་བཤད་ཀྱི་ལན་འདེབས་བྱས་བཞག
དེ་བཞིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀས་བོད་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་དང་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱ་རྒྱུ་མཚམས་འཇོག་བྱ་དགོས་སྐོར་ཡང་བཤད་བཞག སུམ་བཅུའི་དུས་དྲན་ཉིན་རྒྱལ་སྤྱིའི་གཞུང་དང་མི་མང་གིས་རྒྱ་ནག་གཞུང་གིས་བོད་ནང་བོད་མི་ཚོར་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དེར་ངོ་རྒོལ་དང་སྐྱོན་བརྗོད་ཤུགས་ཆེ་གནང་བ་དེར་རྒྱ་ནག་གི་དབུ་ཁྲིད་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ་ལན་འདེབས་བྱས་པའི་ནང་ཨ་རིའི་གཞུང་གིས་བོད་དེ་བཞིན་རྒྱ་ནག་གི་ཆ་ཤས་ཡིན་པ་ངོས་ལེན་གནང་དགོས་པའི་ཐོག་ཁ་བྲལ་གྱི་ལས་འགུལ་དང་ཡུལ་གྲུ་གཉིས་ཀྱི་མཐུན་འབྲེལ་ལ་གནོད་པའི་ཕྱག་ལས་གནང་རྒྱུ་རྣམས་མཚམས་འཇོག་གནང་དགོས་ལུགས་བཤད་བཞག།