རྒྱ་མིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བར་དཀའ་ངལ་འཕྲད་པ།
རྒྱ་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱ་མཁན་གྱི་ཁྲིམས་རྩོད་པ་ཚོར་འགྲོ་བཟོད་མི་བདེ་བ་ཆེན་པོ་བཟོ་བཞིན་འདུག
-
2010-05-11 -
-
-
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བྱ་མཁན་གྱི་ཁྲིམས་རྩོད་པ་ཚོར་འགྲོ་བཟོད་མི་བདེ་བ་ཆེན་པོ་བཟོ་བཞིན་ཡོད་འདུག།
དེའི་ཁོངས་སུ་དེ་སྔོན་ཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ཐོག་གཞུང་གིས་དམ་བསྒྲགས་བྱས་པའི་རྗེས་ ཚོགས་པ་དེའི་ངོ་ཚབ་ཀྱི་ཐོག་ནས་གཞུང་ལ་ཁྲིམས་གཏུག་བྱ་མཁན་ཁྲིམས་རྩོད་པ་ཏང་ཇི་ཏིཡན་ཐོག་གཞུང་ཕྱོགས་ནས་བསུན་བཙེར་ཆེན་པོ་བཟོས་སྟེ་ ད་ཆ་སོ་སོའི་བཟའ་མི་བུ་ཕྲུག་ཡང་ཐུག་འཕྲད་ཐུབ་ཀྱི་མེད་ལ་ ཁོ་པར་གནས་ཚང་གཡར་མཁན་ཚོར་གཞུང་གི་དབང་འཛིན་པས་གནོན་ཤུགས་ཆེན་པོ་སྤྲད་སྟེ་ གནས་ཚང་གཡར་མཁན་ཡང་མ་ཐོབ་པ་སོགས་ཀྱི་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག། ཏང་ཇི་ཏིཡན་གྱིས་ཕེརནསི་གསར་ལས་ཁང་ལ་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ་འཛུབ་མོ་བཙུག་ས་མེད་པའི་གནད་དོན་ཞིག་མིན་ཞིང་ དེ་ནི་རང་རང་སོ་སོའི་མི་ཚེའི་ནང་ངེས་པར་དགོས་པ་ཞིག་ཡིན་ཡང་ གཞུང་ཕྱོགས་ནས་གནད་དོན་འདི་ཧ་ཅང་གལ་ཆུང་དུ་ངོས་འཛིན་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་འདུག། ཏང་ཇི་ཏིཡན་ལོ་ན་༤༡ཡིན་པ་དང་ ཁོང་དང་ཁོང་གི་ལས་རོགས་ལིའུ་ལྦེཡི་གཉིས་ནས་སྔ་ལོ་ཕྱི་ཟླ་བཞི་པའི་ནང་ ཕ་ལུང་ཀུང་ཆོས་འཁོར་སྒོམ་སྒྲུབ་ཚོགས་པའི་ངོ་ཚབས་ཀྱི་ཐོག་ནས་ཁྲིམས་ཁང་ནང་ཚོགས་པ་དེའི་ཐོག་བཀལ་བའི་ནག་ཉེས་ཁག་དག་ཐེར་བྱས་པའི་རྐྱེན་གྱིས་ ཁོང་གཉིས་ཀྱི་ཁྲིམས་རྩོད་པའི་ལས་ཀ་བྱེད་ཆོག་པའི་ཆོག་མཆན་ཕྱིར་བསྡུ་བྱས་ཡོད་པ་རེད།།