རྒྱ་ནག་ཏུ་ཁྲིམས་ཀྱིས་དབང་བསྒྱུར་དགོས་པའི་འབོད་སྐུལ།

ཕུའུ་ཅན་ཞིང་ཆེན་ནང་ཁྲིམས་ཁང་ཞིག་གིས་ཀམ་པུ་ཊར་གྱི་གནས་འཕྲིན་དྲ་རྒྱའི་ཐོག་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་མི་གསུམ་ལ་ཁྲིམས་སྤྱོད།

༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་རྒྱ་ནག་ལ་ཕེབས་རྒྱུར་ཉིན་གྲངས་འགའ་ཤས་ལས་མེད་པའི་གོང་དེར་དེ་རིང་རྒྱ་ནག་ཤར་ཕྱོགས་ཕུའུ་ཅན་ཞིང་ཆེན་ནང་ཁྲིམས་ཁང་ཞིག་གིས་ཀམ་པུ་ཊར་གྱི་གནས་འཕྲིན་དྲ་རྒྱའི་ཐོག་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་མི་གསུམ་ལ་ཁྲིམས་སྤྱོད་བྱས་ནས་ཁོང་ཚོས་སྐྱོན་བརྗོད་རྫུན་མ་བྱས་པའི་ནག་ཉེས་བཙུགས་བཞག

གོང་ཞུས་མི་སྣ་གསུམ་པོ་དེ་ཚོས་དེ་སྔོན་ཉིས་སྟོང་བདུན་ལོར་ལོ་ན་ཉི་ཤུ་རྩ་ལྔ་ཡིན་པའི་བུད་མེད་ཡཱན་ཤའོ་ལིང་ཟེར་བ་ཞིག་རྐྱེན་ལམ་དུ་ཕྱིན་པའི་གནད་དོན་སྐོར་བུད་མེད་དེའི་སྐྱེས་མར་གནས་འདྲི་བྱས་པའི་བརྙན་པ་དང་ཡིག་ཆ་ཁག་གནས་འཕྲིན་དྲ་རྒྱའི་ཐོག་ཁྱབ་སྤེལ་བྱས་ཡོད་པ་རེད། སྐབས་དེར་གཞུང་འབྲེལ་ཐོག་ནས་ཡཱན་ཤའོ་ལིང་གི་མངལ་དུ་ཕྲུ་གུ་འཁོར་བར་སྐྱོན་ཤོར་ནས་འདས་གྲོངས་ཕྱིན་པའི་རྒྱུ་མཚན་བརྗོད་ཡོད་པ་དེར་ཡཱན་གྱི་སྐྱེས་མ་ལིན་ཤིའུ་ཡིང་གིས་ཁས་ལེན་མ་བྱས་པར་ལོ་གཉིས་རིང་གཞུང་འབྲེལ་ཐག་གཅོད་དེར་རྩོད་ལེན་བྱས་ཡོད་པ་དང་ཡཱན་འདས་གྲོངས་ཕྱིན་པའི་མཚན་མོ་དེར་ལོག་གཡེམས་བྱས་ཡོད་སྐོར་སྨན་པ་ཚོས་འགྲེལ་བརྗོད་བྱས་ཡོད་སྐོར་ཡཱན་གྱི་སྐྱེས་མས་བརྗོད་བཞིན་ཡོད་པ་རེད།

ཡཱན་ལ་ལོག་གཡེམས་བྱས་ནས་འདས་གྲོངས་ཕྱིན་ཡོད་པའི་གནས་ཚུལ་གནས་འཕྲིན་དྲ་རྒྱའི་ཐོག་ཐོན་པའི་རྗེས་ས་གནས་དཔོན་རིགས་ཚོས་ཡོང་ཁྱབ་ཐོག་ནས་སྐྱོན་བརྗོད་དེར་ངོས་ལེན་བྱས་མེད་པ་རེད། འོན་ཀྱང་གནས་ཚུལ་དེ་ཁྱབ་བསྒྲགས་ཤུགས་ཆེ་ཕྱིན་པའི་རྗེས་རྒྱ་མིའི་ཉེན་རྟོག་པས་གནས་འཕྲིན་དྲ་རྒྱའི་ཐོག་གནས་ཚུལ་ཁྱབ་སྤེལ་བྱེད་མཁན་ཡིན་པའི་སྐྱོན་འཛུགས་འོག་ཕཱན་ཡང་ཆོང་དང་ལྦུ་ཧུཨ་དབྱིང་དང་ཡུ་ཅིང་ཡུ་གསུམ་འཕྲལ་དུ་འཛིན་བཟུང་གིས་ཁོང་ཚོས་བྱ་སྤྱོད་དེར་རྒྱ་ནག་གཞུང་འཛིན་དམར་ཤོག་ཚོགས་པས་བློ་འཚབ་ཆེན་པོ་ཡོད་ལུགས་གསལ་སྟོན་བྱས་ཡོད་པ་རེད། རྒྱ་ནག་གི་ཁྲིམས་ཁང་ཐོག་གཞུང་འཛིན་དམར་ཤོག་ཚོགས་པས་བཏང་འཛིན་བྱེད་ཀྱི་ཡོད་སྟབས་ཁྲིམས་ཁང་གི་ཁྲིམས་ཞིབ་ལས་དོན་དྲང་བདེན་ཞིག་རྩ་བ་ནས་ཡོང་གི་མེད་པ་དང་གྱོད་གཞི་ཕལ་ཆེ་བར་ཁྲིམས་དཔྱོད་གཏན་འཁེལ་མེད་པའི་ཐོག་ནས་ཐག་གཅོད་བྱེད་སྲོལ་ཡོད་པ་རེད། དེར་བརྟེན་འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་གིས་ཨ་རིའི་སྲིད་འཛིན་ཨོ་སྦ་མ་མཆོག་ལ་ད་རེས་རྒྱ་ནག་ལ་ཕེབས་སྐབས་རྒྱ་ནག་ནང་སྨྲ་བརྗོད་ཀྱི་རང་དབང་དང་ཁྲིམས་ཀྱི་དབང་བསྒྱུར་དགོས་རྒྱུའི་བཀའ་མོལ་གནང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org