ཉི་ཧོང་དང་རྒྱ་ནག་བར་ཁ་པར་གཏོང་ལེན་གྱི་གྲོས་མཐུན་བྱུང་འདུག
ཉི་ཧོང་དང་རྒྱ་ནག་གཉིས་དབར་མཚོ་ཐོག་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཐད་ཀར་ཁ་པར་གཏོང་ལེན་གསར་འཛུགས་བྱ་རྒྱུར་མོས་མཐུན་བྱུང་འདུག
-
2018-05-09 -
-
-
ཉི་ཧོང་དང་རྒྱ་ནག་གཉིས་དབར་ལོ་བཅུ་ཕྲག་མང་པོའི་རིང་གྲོས་མོལ་གནང་བའི་རྗེས་སུ་ད་རེས་རྒྱ་མཚོའི་ནང་སྐྱེལ་འདྲེན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་ཐད་ཀར་ཁ་པར་གཏོང་ལེན་གསར་འཛུགས་བྱ་རྒྱུར་མོས་མཐུན་བྱུང་འདུག
ཉི་ཧོང་དང་རྒྱ་ནག་གཉིས་དབར་ད་རེས་ཀྱི་གྲོས་མཐུན་བྱུང་བ་དེ་ནི་དེ་སྔ་དམག་ཆེན་སྐབས་ཉི་ཧོང་གིས་རྒྱ་ནག་ཐོག་བཙན་དབང་བྱས་པ་དང་། དེང་སྐབས་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་གི་བདག་དབང་ཐད་ཡུལ་གྲུ་གཉིས་དབར་མ་མཐུན་པའི་རྩོད་རྙོག་ཡོད་བཞིན་པའི་རྐྱེན་གྱིས་ཡུལ་གྲུ་གཉིས་ཀྱི་འབྲེལ་བར་ཡག་པོ་མེད་པའི་གནས་སྟངས་ཡར་རྒྱས་གཏོང་རྒྱུར་འབད་བརྩོན་གནང་བའི་རྗེས་འབྲས་ཤིག་ཡིན་འདུག ཚེས་༩་ཉིན་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོའི་ནང་ཉི་ཧོང་གི་སྲིད་བློན་(Shinzo་Abe)མཆོག་དང་། རྒྱ་ནག་གི་སྲིད་བློན་(Li Keqiang)རྣམ་གཉིས་ཀྱི་ཆེས་མཐོའི་མཇལ་འཛོམས་གྱི་མཛད་སྒོ་ཞིག་གནང་སྐབས་ཉིན་གྲངས་༣༠་ནང་ཚུད་ལ་ཉི་ཧོང་དང་རྒྱ་ནག་གཉིས་ཀྱི་མཚོ་དམག་གྲུ་གཟིངས་སོགས་དང་ཡང་ན་མཁའ་དམག་གནམ་གྲུ་དང་འབྲེལ་བའི་དོན་རྐྱེན་རིགས་འབྱུང་ཚེ་ཡུལ་གྲུ་གཉིས་ཀྱི་སྲུང་སྐྱོབ་ཀྱི་དཔོན་རིགས་མཐོ་གྲས་ཚོའི་དབར་འབྲེལ་ལམ་གནང་ཕྱིར་ཐད་ཀར་ཁ་པར་གཏོང་རྒྱུ་གསར་འཛུགས་བྱ་རྒྱུའི་གྲོས་མཐུན་ལ་མཚན་རྟགས་བཀོད་འདུག
ཉི་ཧོང་གཞུང་གིས་རྩོད་གཞི་ཅན་གྱི་གླིང་ཕྲན་ཉི་ཧོང་གིས་(Senkaku)ཞེས་འབོད་པ་དང་རྒྱ་མིས་(Diaoyu)་ཞེས་འབོད་པའི་མཚོ་གླིང་དེ་མི་སྒེར་པ་ཞིག་གིས་སར་ནས་ཉོས་པའི་རྗེས་སམ་ཕྱི་ལོ་༢༠༡༢་ལོར་ཉི་ཧོང་དང་རྒྱ་ནག་གཉིས་དབར་ཁ་པར་ཐད་ཀར་གཏོང་རྒྱུའི་ཆ་རྐྱེན་གསར་འཛུགས་བྱ་རྒྱུའི་གྲོས་མོལ་ལ་བར་ཆད་བྱུང་ཡོད་པ་རེད།
ཉི་ཧོང་ནི་ཨེ་ཤི་ཡའི་གླིང་ཕྲན་ནང་གི་དམག་དོན་སྟོབས་ཤུགས་ཆེ་ཤོས་ཡིན་པའི་རྒྱལ་ཁབ་གཉིས་པ་དེ་ཡིན་པའི་ཁར་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ནས་བཟུང་ཨ་མེ་རི་ཀས་ཉི་ཧོང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང་། ཨེ་ཤེ་ཡའི་ནང་གི་ཨ་རིའི་དམག་དཔུང་རྟེན་གཞི་གཙོ་བོ་དེ་ཡང་ཉི་ཧོང་ནང་ཡོད་པ་རེད།
གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།