རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་དུ་ས་རུད་ཀྱིས་མི་སུམ་ཅུ་སོ་བཞི་ཤི་བ།
རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་ནང་ས་རུད་ཀྱི་རྐྱེན་པས་ཉུང་མཐར་མི་གྲངས་སུམ་ཅུ་སོ་བཞི་རྐྱེན་ལམ་དུ་ཕྱིན་ཡོད་ཅེས་གཞུང་འབྲེལ་གནས་ཚུལ་འདུག
-
2008-09-09 -
-
-
༄༅༎རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་ནང་ས་རུད་ཀྱི་རྐྱེན་པས་ཉུང་མཐར་མི་གྲངས་༣༤ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད་ཅེས་དེ་རིང་རེས་གཟའ་མིག་དམར་ཉིན་གཞུང་འབྲེལ་གནས་ཚུལ་སྤེལ་ཡོད་པ་རེད་
ཁ་ས་རེས་གཟའ་ཟླ་བ་ཉིན་རྒྱ་ནག་གི་ཧྲན་ཞི་ཞིང་ཆེན་གྲོང་ཁྱེར་ཆུང་ཆུང་ཞིག་ནང་ས་རུད་ཀྱི་རྐྱེན་པས་གྲོང་ཁྱེར་དེའི་ནང་གི་ཁྲོམ་ར་དང་ སྡོད་ཁང་ དེ་བཞིན་ཐོག་རྩེགས་གསུམ་ཅན་གྱི་ཁང་པ་སོགས་གཏོར་སྐྱོན་ཕྱིན་ནས་དེའི་ནང་ཉུང་མཐར་མི་གྲངས་༣༤ཙམ་རྐྱེན་ལམ་དུ་ཕྱིན་ཡོད་པ་མ་ཟད་མི་མང་བརྒྱ་ཕྲག་འགའ་ཤས་ཤིག་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད་ཅེས་ས་གནས་བརྙན་འཕྲིན་ལས་ཁང་ནས་འགྲེལ་བརྗོད་བྱས་ཡོད་པ་རེད་ ས་རུད་བྱུང་སའི་ས་ཁུལ་ནང་དེ་རིང་རེས་གཟའ་མིག་དམར་ཉིན་ཉེན་སྐྱོབས་ལས་བྱེད་མི་གྲངས་༡༠༠༠ཙམ་འབྱོར་ཡོད་པ་ནས་ཁོང་ཚོས་ས་གནས་སུ་མྱུར་སྐྱོབས་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད་ཅེས་དང་ལས་བྱེད་པ་ཚོས་གལ་འགངས་ཆེ་ཤོས་དེར་ས་རུད་འོག་ཏུ་ཚུད་པའི་མི་མང་བརྒྱ་ཆ་བརྒྱ་ཐམ་པ་སོན་པོར་གནས་པའི་ཐོག་སྐྱོབས་ཐབས་བྱེད་རྒྱུའི་དམིགས་ཡུལ་བཟུང་བཞིན་ཡོད་པ་རེད་ཅེས་ཧྲན་ཞིའི་གྲོང་ཁྱེར་སྤྱི་ཁྱབ་སྐུ་ཞབས་མེང་ཞུའེ་ནུང་ཡིས་ས་གནས་བརྙན་འཕྲིན་ལས་ཁང་བརྒྱུད་གསལ་སྟོན་གནང་འདུག
གོང་ཞུས་ས་རུད་ཀྱི་དོན་རྐྱེན་དེ་ཁ་ས་རེས་གཟའ་ཟླ་བའི་སྔ་དྲོ་རྒྱ་ནག་གི་སྔ་དྲོའི་ཚོུད་༨པའི་ཐོག་བྱུང་ཡོད་པ་དང་དེ་ཡང་ཁྲིམས་འགལ་གྱི་སྒོ་ནས་ས་གནས་དེར་ཟངས་ལྕགས་སོགས་གཏེར་ཁ་བསྔོགས་འདོན་བྱས་པའི་རྐྱེན་པས་ས་རུད་ཐེབས་པ་ཞིག་ཡིན་ལུགས་ས་གནས་གཞུང་འབྲེལ་ནས་གསལ་སྟོན་གནང་འདུག ཡང་ཧོང་ཀོང་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་རྟེན་གནས་ལས་ཁང་གིས་ད་རེས་ས་ཁུལ་དེའི་ནང་ས་རུད་ཀྱི་དོན་རྐྱེན་འོག་མི་གྲངས་༥༠༠ཙམ་ས་རུད་འོག་ཚུད་ཡོད་ཀྱང་ས་གནས་གཞུང་ནས་མི་མང་གི་གྲངས་ཚད་གསལ་པོ་མ་བརྗོད་པར་སྐྱོན་བརྗོད་གནང་ཡོད་པ་རེད་