བོད་རྔ་པ་ཁུལ་གྱི་ས་གནས་དམར་ཤོག་དྲུང་ཆེ་བརྗེ་འགྱུར།

ལིའུ་ཀྲུ་མིང་ལ་ཕྱི་ཟླ་༢ཚེས་༡༡ཉིན་རྔ་པ་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་འདུག

༄༅༎རྒྱ་ནག་གཞུང་གིས་བོད་མདོ་སྨད་རྔ་པ་རང་སྐྱོང་ཁུལ་གྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེར་ ཁྲིམས་ཀྱི་ལས་དོན་ནང་ཉམས་མྱོང་ཆེན་པོ་ཡོད་པའི་མི་ཞིག་བསྐོ་བཞག་བྱས་འདུག་ཅིང༌།  རྔ་པ་རང་སྐྱོང་ཁུལ་འདི་ནི་བར་སྐབས་བོད་མིས་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་ཤུགས་ཆེ་སྤེལ་ཡུལ་གྱི་ས་ཁུལ་གཙོ་བོ་དེ་ཡིན་པ་རེད།
ཟི་ཁྲོན་ཞིང་ཆེན་གྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན་ ལོ་ན་ ༥༤ ཡིན་པ་ ལིའུ་ ཀྲུ་མིང་ལ་ ཕྱི་ཟླ་ ༢ ཚེས་ ༡༡ ཉིན་རྔ་པ་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེར་བསྐོ་བཞག་བྱས་འདུག་པ་དང་ གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གི་ལས་བྱེད་པའི་འདུ་འཛོམས་ཤིག་གི་སར་ ལིའུ་ཡིས་ ས་གནས་ཀྱི་འཕེལ་རྒྱས་དང་བདེ་འཇགས་སྲུང་སྐྱོབ་ཀྱི་ལས་དོན་ཐད་གཅིག་སྒྲིལ་གྱི་ནུས་པ་འདོན་དགོས་པ་དང༌།  ས་ཁུལ་འདིའི་ནང་གི་ལས་དོན་གྱི་ཁ་ཕྱོགས་དང་དམིགས་ཡུལ། དགོས་པ་བཅས་ནི་ཧ་ཅང་གི་གསལ་པོ་ཡིན་ཞིང༌།  ལས་དོན་དེ་དག་འགྲུབ་པར་ ནུས་པ་ལྡན་པའི་ཁྲིམས་བཅད་ཡོད་མིན་ལ་རག་ལུས་པ་ཞིག་ཡིན་པ་བརྗོད་དེ་ ཁོ་པའི་འགོ་འཁྲིད་འོག་རྔ་པ་རང་སྐྱོང་ཁུལ་གྱི་བོད་མི་ངོ་རྒོལ་བ་ཚོའི་ཐོག་དྲག་གནོན་དང་མཁྲེགས་བཟུངས་ཀྱི་སྲིད་བྱུས་ལག་བསྟར་བྱེད་རྒྱུའི་རྣམ་འགྱུར་གསལ་པོར་བསྟན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གཞུང་ཕྱོགས་ནས་ རྔ་པ་རང་སྐྱོང་ཁུལ་སོགས་ བོད་མི་གནས་ཡུལ་གྱི་ས་གནས་ལས་བྱེད་པ་ཚོའི་ཐོག་ ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་ཡོང་ཐབས་བྱ་དགོས་པའི་གནོན་ཤུགས་ཆེན་པོ་བྱུང་བཞིན་ཡོད་པ་དང་ གཟའ་འཁོར་སྔོན་མའི་ནང་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེས་ ས་ཁུལ་གྱི་བརྟན་ལྷིངས་ལ་གནོད་གཞིའི་ལས་འགུལ་སྤེལ་བའི་ནག་ཉེས་འོག་བོད་རིགས་ལས་བྱེད་པ་བཞི་གནས་དབྱུངས་བཏང་པ་དང་ ཕྱིར་འབུད་བཏང་པའི་ལས་བྱེད་པ་དེ་དག་ནི་ཆབ་མདོ་ཁུལ་ནས་ཡིན་འདུག།
ཟི་ཁྲོན་ཞིང་ཆེན་གྱི་གཞུང་འབྲེལ་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་དེའི་ནང་ གསར་དུ་བསྐོ་བཞག་བྱས་པའི་རྔ་པ་རང་སྐྱོང་ཁུལ་གྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ ལིའུ་ ཀྲུ་མིང་གིས་བརྗོད་པའི་གཏམ་བཤད་ཁག་ཅིག་ལུང་འདྲེན་བྱས་འདུག་པ་དེའི་ནང་ ལིའུ་ཡིས་ ང་ཚོས་མངའ་ཁུལ་ནང་ཁ་བྲལ་དང་སིམ་འཛུལ་ དྲག་ལས་སྤེལ་ཐབས་བྱེད་པའི་ལས་དོན་ཁག་དོ་ནན་གྱིས་སྔོན་འགོག་བྱེད་དགོས་ལ་ དེ་ལྟར་གྱི་བྱ་ཐབས་སྤེལ་མཁན་རྒྱལ་ནང་དང་ཕྱི་ཕྱོགས་དགྲ་བོར་ཕར་རྒོལ་ནན་པོ་བྱེད་དགོས་ཀྱི་རེད་ཅེས་དང་ དེ་བཞིན་ང་ཚོས་རྔ་པའི་ས་ཁུལ་གྱི་བརྟན་ལྷིངས་ཉམས་ཆགས་གཏོང་ཐབས་དང་ མེས་རྒྱལ་ཁ་བྲལ་གཏོང་ཐབས་སོགས་ཀྱི་འཆར་ངན་ཁག་ཞིབ་ནན་གྱི་ཐོག་ནས་རྩ་མེད་གཏོང་དགོས་ཀྱི་རེད་ཅེས་བརྗོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org