ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་ཐོག་ལ་འཛིན་པའི་སྲིད་བྱུས་སྐོར།
ཡོ་རོབ་སྤྱི་མཐུན་གྱིས་ད་བར་རྒྱ་ནག་ཐོག་ལ་འཛིན་པའི་སྲིད་བྱུས་དེ་དག་གྲུབ་འབྲས་ལྡན་པ་ཞིག་ནམ་ཡང་མ་བྱུང་བ་རེད་ཅེས་སྙན་ཐོ་ཐོན་འདུག
-
2009-04-18 -
-
-
༄༅༎མཁས་དབང་ཅན་གྱི་མི་སྣ་ཁག་ལས་གྲུབ་པའི་ཡོ་རོབ་སྤྱི་མཐུན་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་དོན་ལྷན་ཁང་གིས་ཉེ་ལམ་སྙན་ཐོ་ཞིག་འགྲེམས་སྤེལ་གནང་ཡོད་ཅིང་སྙན་ཐོ་དེའི་ནང་ཡོ་རོབ་སྤྱི་མཐུན་གྱིས་ད་བར་རྒྱ་ནག་ཐོག་ལ་འཛིན་པའི་སྲིད་བྱུས་དེ་དག་གྲུབ་འབྲས་ལྡན་པ་ཞིག་ནམ་ཡང་མ་བྱུང་བ་རེད།
དེར་བརྟེན་ད་ནས་བཟུང་རྒྱ་ནག་ཐོག་ལ་ཡོ་རོབ་སྤྱི་མཐུན་གྱིས་སྔར་དང་མི་འདྲ་བའི་ལངས་ཕྱོགས་མཁྲེགས་པོ་བཟུང་དགོས་པ་དང་སྦྲགས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་གནད་དོན་ཐད་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་གཞུང་གི་ཐོག་ལ་ཐབས་མཁས་ཀྱི་ལམ་ནས་སྐུལ་འདེད་གཏང་རྒྱུའི་ཐད་ཐབས་བྱུས་གདིང་རྒྱུའི་བསམ་བློ་བསྐྱར་ཞིབ་གནང་དགོས་ཀྱི་རེད་ཅེས་མདོ་དོན་སྙིང་པོའི་ཚུལ་དུ་བཀོད་ཡོད་པ་རེད། ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་གི་ཐོག་ལ་ད་བར་འཛིན་པའི་སྲིད་བྱུས་ལམ་ལྷོངས་ལྡན་པ་མ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཡོ་རོབ་དང་རྒྱ་ནག་དབར་གྱི་ཚོང་གི་བར་ཁྱད་དང་འགྲོ་བ་མིའི་ཐོབ་ཐང་སོགས་འཚོ་རྣོར་ཅན་གྱི་གནད་དོན་སྣ་ཚོགས་ཐད་ཡོ་རོབ་སྤྱི་མཐུན་ཁོངས་ཀྱི་རྒྱལ་ཁབ་ཕན་ཚུན་དབར་གྱི་མི་མཐུན་པའི་འགལ་ཟླ་དེ་དག་རྒྱ་ནག་གིས་རང་ཉིད་ཀྱི་ཆབ་སྲིད་ཀྱི་དགོས་མཁོ་གྲུབ་རྒྱུའི་ཆེད་དུ་བེད་སྤྱོད་གཏོང་གི་ཡོད་པར་ཐུག་ཡོད་ལུགས་གསལ་བཤད་བྱས་ཡོད་པ་རེད། ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་གི་ཐོག་ལ་ད་བར་འཛིན་པའི་ཐབས་བྱུས་ནི་ཡོ་རོབ་སྤྱི་མཐུན་གྱིས་རྒྱ་ནག་མཉམ་དུ་དཔལ་འབྱོར་སོགས་གནད་དོན་གང་ཅིའི་ཐད་ལས་དོན་མཉམ་རྩོམ་བྱས་པའི་ཤུགས་རྐྱེན་འོག་རྒྱ་ནག་གིས་དཔལ་འབྱོར་གུ་ཡངས་གཏོང་བ་དང་ཁྲིམས་ཀྱིས་སྐྱོང་བའི་ཆབ་སྲིད་ལམ་ལུགས་ཡར་རྒྱས་གོང་མཐོར་གཏོང་བ་དང་ཆབ་སྲིད་ཀྱི་ངོ་བོ་དང་རྣམ་པ་དམངས་གཙོའི་རང་བཞིན་ཅན་དུ་བསྒྱུར་གྱི་རེད་སྙམ་པའི་དུས་འཛོལ་གྱི་ཡིད་ཆེས་ཐོག་ལ་གཞི་བཞག་པ་ཞིག་རེད། དེ་ལྟར་ཡིན་ནའང་རྒྱ་ནག་གི་ཕྱི་སྲིད་དང་ནང་སྲིད་འཕེལ་འགྱུར་བྱ་སྟངས་ནི་ཡོ་རོབ་ཀྱི་རིན་ཐང་ཁག་ལ་བརྩི་བཀུར་བྱ་རྒྱུའི་ཚབ་ཏུ་སྣང་མེད་བྱས་པ་མ་ཟད་ད་ཆ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་བོད་དང་ཐའེ་ལྦན་ཐོག་ལ་འཛིན་པའི་ཡོ་རོབ་ཀྱི་ཕྱི་སྲིད་ཐད་ཀྱི་རིན་ཐང་དེ་ཚོར་རྒྱ་ནག་གཞུང་གིས་འཆར་ཅན་རྒྱབ་འགལ་བྱས་པས་མ་ཚད་སྣང་ཆུང་གཏོང་གི་ཡོག་རེད་ཅེས་ཀྱང་སྙན་ཐོ་དེའི་ནང་གསལ་བཤད་བྱས་ཡོད་པ་རེད༎