རྒྱ་ནག་གིས་ཡོ་རོབ་ཀྱི་གཞུང་འཛིན་དཔོན་རིཌ་ཚོར་གནོན་ཤུཌ།

རྒྱ་ནག་གཞུང་གིས་ཡོ་རོབ་ཀྱི་གཞུང་འཛིན་དཔོན་རིགས་ཚོར་ཆབ་སྲིད་ཀྱི་གནོན་ཤུགས་ཤུགས་ཆེ་སྤྲོད་འགོ་བཙུགས་བཞིན་ཡོད་འདུག

༄༅༎རྒྱ་ནག་གཞུང་གིས་ཡོ་རོབ་ཀྱི་གཞུང་འཛིན་དཔོན་རིགས་ཚོར་ཕྱི་ཟླ་༡༢་པའི་ཚེས་༡༠་ཉིན་ནོ་སྦེལ་ཞི་བདེའི་བྱ་དགའ་ཚོགས་ཆུང་གིས་ སྐུ་ཞབས་ལེའུ་ཤའོ་ཕུའུ་ལ་འདི་ལོའི་ནོ་སྦེལ་ཞི་བདེའི་བྱ་དགའ་འབུལ་རྒྱུའི་མཛད་སྒོའི་སྐྱོང་སྐབས་འབྲེལ་ཡོད་ཡོ་རུབ་ཡུལ་ཁག་ཚོས་མཛད་སྒོར་ཚོགས་བཅར་གནང་རྒྱུ་མེད་པ་དང་ འཚམས་འདྲིའི་གསུང་འཕྲིན་སོགས་ཀྱང་གནང་རྒྱུ་མེད་པས་ཆབ་སྲིད་ཀྱི་གནོན་ཤུགས་ཤུགས་ཆེ་སྤྲོད་འགོ་བཙུགས་བཞིན་ཡོད་འདུག

དེ་ཡང་ཨེ་པི་གསར་འགྱུར་ལས་ཁང་གིས་ནོར་ལྦེའི་རྒྱལ་ས་ཨོ་སོ་ལོ་ནས་གནས་ཚུལ་སྤེལ་པར་གཞིགས་ན་ རྒྱ་གཞུང་དཔོན་རིགས་ཚོས་རྒྱ་ནག་ནང་ཡོད་པའི་ཡུ་རོབ་ཀྱི་གཞུང་ཚབ་དཔོན་རིགས་ཚོ་བཀའ་འགུགས་ཀྱིས་ཁོང་རྣམས་ལ་འབྲེལ་ཡོད་རྒྱལ་ཁབ་ཀྱི་ངོས་ནས་ད་རེས་ནོ་སྦེལ་ཞི་བདེའི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོར་ཞུགས་རྒྱུ་མེད་པའི་སྐོར་གནོན་ཤུགས་སྤྲོད་པ་དང་ འདི་མཚུངས་ནོར་སྦེ་རྒྱལ་ས་ཨོ་སོ་ལོའི་ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ལས་ཁུངས་ཀྱིས་ཀྱང་ནོར་སྦེའི་ནང་ཡོད་པའི་ཕྱི་རྒྱལ་གཞུང་ཚབ་ལས་ཁུངས་ཁག་ལ་ཕྱི་ཟླ་༡༢་པའི་ནོ་བེལ་ཞི་བདེའི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོར་ཚོགས་བཅར་གནང་རྒྱུ་མེད་པ་དང་ འཚམས་འདྲིའི་གསུང་འཕྲིན་སོགས་ཀྱང་གནང་རྒྱུ་མེད་འི་སྐོར་ཡི་གེ་འབྱོར་བཞིན་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད་

རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་ཁ་ས་གསར་འགོད་ལྷན་ཚོགས་ཐོག་གནད་དོན་འདི་སྐོར་དྲི་བ་བྱས་མཁན་བྱུང་སྐབས་ ཁོང་གིས་གནད་དོན་འདིའི་སྐོར་གསལ་བཤད་གང་ཡང་བྱས་མེད་ཀྱང་ མཚན་འདོན་མ་གནང་བའི་ཕྱི་རྒྱལ་གཞུང་ཚབ་དཔོན་རིགས་གཉིས་ཙམ་གྱིས་རྒྱ་ནག་གཞུང་ཚབ་ལས་ཁང་ནས་ནོསྦེལ་ཞི་བདེའི་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོར་ཚོགས་བཅར་གནང་རྒྱུ་མེད་པ་སྐུལ་སློང་གི་ཕྱག་བྲིས་འབྱོར་བའི་སྐོར་ཨེ་པི་གསར་འགྱུར་ལས་ཁང་ལ་ངོ་སྤྲོད་གནང་ཡོད་པ་དང་ ཁོང་རྣམས་ཀྱིས་ཡི་གེའི་ནང་རྒྱ་གཞུང་གིས་ལེའུ་ཞའོ་ཕའོ་ནི་ རྒྱ་ནག་སྲིད་གཞུང་མགོ་རྟིང་སློག་ཐབས་བརྩམས་མཁན་གྱི་ཁྲིམས་འགལ་ནག་ཅན་པ་ཞིག་ཡིན་པའི་འགྲེལ་བརྗོད་སོགས་སྐྱར་ཟློས་བྱས་ཡོད་པ་ངོ་སྤྲོད་གནང་ཡོད་པ་རེད་

རྒྱ་ནག་གཞུང་གིས་སྐུ་ཞབས་ལེའུ་འོ་ཕུའུ་བཙོན་གྲོལ་གཏོང་རྒྱུའི་རྣམ་འགྱུར་ཙམ་ཡང་སྟོན་གྱི་མེད་པ་མ་ཟད་ ད་ཆ་ཁོང་གི་བཟའ་ཟླ་ལེའུ་ཤར་ཡང་ཕྱི་ཕྱོགས་སུ་འབྲེལ་འཐུད་མ་ཐུབ་པ་བཀག་སྡོམ་ཆེད་ བཟང་བཙོན་འོག་བཀག་ཉར་བྱེད་བཞིན་ཡོད་པ་དང་ ད་ལྟའི་ཆར་ཞི་བདེའི་གཟེངས་རྟགས་ཀྱི་བྱ་དགའ་འདི་སུས་བཞེས་ཀྱི་ཡོད་མེད་དམིགས་བསལ་ངེས་གཏན་མེད་པ་ཡིན་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org