རྒྱ་གཞུང་གིས་ལས་མེད་གཞོན་སྐྱེས་རྣམས་ལ་རོགས་རམ་བྱ་རྒྱུ།

རྒྱ་ནག་གཞུང་གིས་མཐོ་རིམ་སློབ་གྲྭ་ཐོན་ཀྱང་ལས་ཀ་མ་འཐོབ་པའི་གཞོན་སྐྱེས་ས་ཡ་གཅིག་ལ་ལས་ཀའི་སྦྱོང་བརྡར་དང་དངུལ་བུན་རོགས་རམ་བྱ་རྒྱུ།

༄༅༎རྒྱ་ནག་གཞུང་གིས་མཐོ་རིམ་སློབ་གྲྭ་ཐོན་ཀྱང་ལས་ཀ་མ་འཐོབ་པའི་གཞོན་སྐྱེས་ས་ཡ་གཅིག་ལ་མ་འོངས་པའི་ལོ་གསུམ་རིང་ལ་ལས་ཀའི་སྦྱོང་བརྡར་སྤྲོད་རྒྱུའི་རོགས་རམ་བྱ་རྒྱུ་མ་ཟད་ཁོང་ཚོར་ལས་ཀ་སྤྲོད་མཁན་གྱི་ཚོང་ལས་སྡེ་ཁག་ལ་དངུལ་བུན་གྱི་རོགས་རམ་བྱ་རྒྱུའི་འཆར་གཞི་ཡོད་པའི་སྐོར་དེ་རིང་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ཤོག་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།

དེང་སྐབས་རྒྱལ་སྤྱིའི་དཔལ་འབྱོར་ཉམས་རྒུད་འགྲོ་བཞིན་པའི་དབང་གིས་རྒྱ་ནག་ནང་མཐོ་རིམ་སློབ་གྲྭ་ཐོན་པའི་གཞོན་སྐྱེས་ཚོར་ལས་ཀ་ཐོབ་རྒྱུར་དཀའ་ངལ་ཡོད་ཅིང་ད་ཆ་རྒྱ་ནག་དབུས་གཞུང་གི་ངོས་ནས་ལས་ཀ་མེད་པའི་གཞོན་སྐྱེས་ཚོར་སྦྱོང་བརྡར་དང་ཁོང་ཚོར་ལས་ཀ་ཐོབ་ཐབས་སུ་དངུལ་བུན་གྱི་རོགས་རམ་བྱ་རྒྱུའི་ཆ་རྐྱེན་སྐྲུན་བཞིན་ཡོད་པ་མ་ཟད་ད་དུང་མཐོ་སློབ་ཐོན་པའི་ལས་མེད་གཞོན་སྐྱེས་ལ་ལས་ཀའི་གོ་སྐབས་སྤྲོད་མཁན་གྱི་ཚོང་ལས་ཁང་ལ་རྒྱ་མིའི་སྒོར་མོ་ས་ཡ་གཉིས་ཀྱི་དངུལ་བུན་རོགས་རམ་བྱ་རྒྱུ་དང་ཡང་ན་སློབ་གྲྭ་ཐོན་ཟིན་པའི་གཞོན་སྐྱེས་རང་ངོས་ནས་སྒེར་གྱི་ཚོང་ལས་སྒོ་མོ་ཕྱེ་འདོད་ཡོད་མཁན་ལ་དངུལ་བུན་རྒྱ་མིའི་སྒོར་མོ་ཁྲི་ལྔ་དངུལ་བུན་གཏང་རྒྱུ་ཡིན་པ་བཤད་ཡོད་པ་རེད། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་འཕེལ་རྒྱས་ཧ་ཅང་གི་ཉམས་རྒུད་ཕྱིན་པ་དེ་ཡིས་མཐོ་རིམ་སློབ་གྲྭ་ཐོན་ཟིན་པའི་གཞོན་སྐྱེས་ལས་མེད་ཀྱི་གྲངས་འབོར་མང་དུ་འགྲོ་བཞིན་པ་དེ་ནི་རྒྱ་ནག་གི་དཔོན་རིགས་ཚོར་བློ་འཚབ་སྐྱེ་གཞི་ཆགས་ཡོད་ཅིང་ལྷག་པར་དུ་འདི་ལོ་ནི་དེ་སྔ་ཕྱི་ལོ་༡༩༨༩ལོར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རྒྱ་མི་རིགས་སློབ་ཕྲུག་ཚོས་དམངས་གཙོའི་ལས་འགུལ་སྤེལ་བར་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ་མི་ལོ་ཉི་ཤུ་འཁོར་བའི་དུས་དྲན་འཁེལ་བར་བརྟེན་གཞོན་སྐྱེས་ཚོར་ལས་ཀའི་ཐག་གཅོད་བྱ་རྒྱུ་ནི་རྒྱ་ནག་གཞུང་གི་འགག་རྩའི་གནད་དོན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། གཞི་རྩའི་རྒྱ་ནག་ཁྱོན་ཡོངས་ནང་ལས་མེད་ཀྱི་གྲངས་འབོར་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org