བོད་མིའི་ངོ་རྒོལ་མི་ཡོང་བའི་ཆེད་སྐོར་བྱ་ཤུཌ་ཆེ་བྱེད་བཞིན་པ།

རྒྱ་གཞུང་གི་ཉེན་རྟོག་སྐོར་སྲུང་བ་སྟོང་ཕྲག་མང་པོས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིའི་ངོ་རྒོལ་མི་ཡོང་བའི་ཆེད་སྐོར་བྱ་ཤུགས་ཆེ་བྱེད་བཞིན་པ།

༄༅༎དྲག་ཆས་སྤྲས་པའི་རྒྱ་ནག་གཞུང་གི་ཉེན་རྟོག་སྐོར་སྲུང་བ་སྟོང་ཕྲག་མང་པོས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་བོད་མིའི་ངོ་རྒོལ་མི་ཡོང་བའི་ཆེད་སྐོར་བྱ་ཤུགས་ཆེ་བྱེད་བཞིན་ཡོད་སྐོར་ཨ་མི་རི་ཀའི་ལྦ་ཤིང་ཀྲོན་སྤོསིཏ་གསར་ཤོག་གི་གསར་འགོད་པས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་གནས་ཚུལ་སྤེལ་ཡོད་པ་རེད།

བོད་ཀྱི་རྒྱལ་ས་ལྷ་སའི་ཁྲོམ་གཞུང་དང་ལམ་གསུམ་དོ་གང་ཡོད་ལ་དྲག་ཆས་སྤྲས་པའི་དམག་དཔུང་འགྲེམས་འཇོག་བྱེད་དེ་ཡོད་པའི་སྐོར་རྒྱལ་ས་ལྷ་སའི་རྒྱལ་སྤྱིའི་གཞོན་ནུའི་མགྲོན་ཁང་ཞེས་པའི་ལས་བྱེད་ཅིག་གིས་གོང་ཞུས་གསར་ཤོག་ལ་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཉེན་རྟོག་དཔུང་དམག་ཕོན་ཆེ་བཀོད་བསྒྲིགས་ཀྱིས་བོད་མིའི་ཁྱིམ་ཁག་ལ་བསྔོགས་བཤེར་ཤུགས་ཆེ་བྱེད་བཞིན་བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་གཙོས་བོད་མི་མང་པོ་ཞིག་ལ་དམ་བསྒྲགས་ཀྱིས་འདྲི་རྩད་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་རིམ་པ་ཞིག་ཐོན་བཞིན་ཡོད་པ་དང་ཡིན་ནའང་རྒྱ་ནག་གི་གཞུང་འབྲེལ་གསར་ཤོག་ཁག་གིས་དེ་ནི་གྲོང་ཁྱེར་ནང་སྤྱི་ཚོགས་ཀྱི་བདེ་འཇགས་ཀྱི་ཆེད་རྐུ་འཇག་དང་གཞན་ཡང་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་བཀག་སྡོམ་གྱི་ཆེད་རྟོག་ཞིབ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག ཡིན་ནའང་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་མིའི་ལོ་གསར་གྱི་དུས་སྐབས་དང་བསྟུན་བོད་ཀྱི་རྒྱལ་ས་ལྷ་སའི་ནང་དེ་ལྟ་བུའི་དམག་དཽན་གྱི་དམ་བསྒྲགས་བྱེད་འགོ་བཙུགས་པ་དེ་ནི་བོད་མི་ཚོས་ལོ་གསར་མ་གཏོང་བར་ངོ་རྒོལ་བྱེད་ཡོང་བསམ་སྟེ་འགོག་ཐབས་ཀྱི་འབད་བརྩོན་ཞིག་དང་ཕྱོགས་མཚུངས་ལོ་གསར་གྱི་རྗེས་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་ཡུན་དེ་ཡང་འཁེལ་ཡོད་པར་སོང་སྐབས་དེར་སྔ་ལོ་བཞིན་སླར་ཡང་བོད་མི་ཚོས་རྒྱ་ནག་གཞུང་ལ་གྱེན་ལོག་གིས་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུར་བཀག་སྡོམ་ཐུབ་ཆེད་སྔ་ས་ནས་དམ་བསྒྲགས་བྱ་འགོ་བཙུགས་པ་ཞིག་ཡིན་སྐོར་གསུངས་ཀྱི་ཡོད་པ་རེད། དེ་ཡང་མདོ་སྨད་ཁུལ་གྱི་བོད་པའི་དགེ་འདུན་པ་ཞིག་གིས་གོང་ཞུའི་ཨ་རིའི་ལྦ་ཤིང་ཀྲོན་པོསིཏ་གསར་ཤོག་ལ་འདི་ལོ་བིད་མི་ཉུང་ཤས་ཤིག་མ་གཏོགས་གཞན་གྲྭ་བཙུན་གཙོ་བོ་འགྱུར་བའི་བོད་མི་མང་ཆེ་བས་ལོ་གསར་གཏང་གི་མེད་པའི་ངོ་སྤྲོད་གནང་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org