རྒྱ་ནག་ཏུ་རིག་དངོས་རྫུན་བཟོའི་ཁྲིམས་འགལ་བྱ་སྤྱོད་སྐོར།
རྒྱ་ནག་ནང་མཁས་པའི་རིག་དངོས་རྫུན་བཟོ་འགོག་ཐབས་ཚུལ་བཞིན་བྱེད་ཀྱི་མེད་པའི་སྐོར་འཛམ་གླིང་ཚོང་དོན་ལྷན་ཚོགས་སུ་ཞུ་གཏུགས་གནང་བ།
-
2009-01-27 -
-
-
༄༅༎ཨ་མི་རི་ཀས་རྒྱ་ནག་གཞུང་ལ་རྒྱ་ནག་ནང་མཁས་པའི་རིག་དངོས་རྫུན་བཟོ་དང་ཁྲིམས་འགལ་གྱི་ཐོག་ནས་དངོས་རིགས་དེ་དག་ཚོང་འགྲེམ་ཤུགས་ཆེ་བྱེད་བཞིན་པ་འགོག་ཐབས་ཚུལ་བཞིན་བྱེད་ཀྱི་མེད་པའི་བསྙོན་བཙུགས་སྟེ་གནད་དོན་འདི་འཛམ་གླིང་ཚོང་དོན་ལྷན་ཚོགས་སུ་ཞུ་གཏུགས་གནང་ཡོད་པ་དང་གཟའ་ཟླ་བའི་ཉིན་འཛམ་གླིང་ཚོང་དོན་ལྷན་ཚོགས་ནས་ཨ་མི་རི་ཀའི་ཞུ་གཏུགས་ལ་རྒྱབ་སྐྱོར་ཐག་གཅོད་གནང་ཡོད་པ་རེད།
རྒྱ་ནག་གཞུང་གིས་འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱི་ཐག་གཅོད་དེར་བློ་ཕམ་ཡོད་ཀྱང་གན་དོན་འདིའི་ཐད་འཛམ་གླིང་ཡུལ་གྲུ་གཞན་དང་མཉམ་འབྲེལ་མུ་འཐུད་བྱ་རྒྱུའི་ཁས་ལེན་བྱ་རྒྱུ་ཡིན་ཞེས་བརྗོད་འདུག
དེ་ཡང་རྒྱ་ནག་གི་ཚོང་དོན་ལྷན་ཁང་གི་མགྲིན་ཚབ་པ་ཡའོ་ཅན་གྱིས་ང་ཚོས་རྒྱ་ནག་ནང་གི་མཁས་པའི་རིག་དངོས་ཀྱི་བདག་དབང་སྲུང་སྐྱོབ་ཀྱི་ལས་དོན་མུ་འཐུད་ཚགས་ཚུད་བཟོ་བཞིན་པ་དང་དུས་མཚུངས་གོ་ལའི་ཚོང་དོན་གྱི་འབྲེལ་ལམ་བཟང་པོ་ཞིང་འབྱུང་ཐབས་སུ་ང་ཚོས་རྒྱལ་སྤྱིའི་མཁས་པའི་རིག་དངོས་ཀྱི་བདག་དབང་ཡང་སྲུང་སྐྱོབ་བྱ་རྒྱུར་མཉམ་འབྲེལ་གྱི་ལས་དོན་མུ་འཐུད་རྒྱ་སྐྱེད་གཏོང་རྒྱུ་ཡིན་ཞེས་བརྗོད་འདུག རྒྱ་ནག་གཞུང་གིས་རྒྱ་ནག་ནང་མཁས་པའི་རིག་དངོས་ནང་འདྲེན་བྱས་པ་དེ་དག་རྫུན་བཟོ་བྱས་སྟེ་ཚོང་འགྲེམ་ཤུགས་ཆེ་བྱེད་བཞིན་པ་དེས་ཨ་མི་རི་ཀའི་ཁེ་གཉེར་ལང་ཁང་ཁག་ལ་ཌོ་ལར་ཐེར་འབུམ་མང་པོའི་གྱོང་གུན་ཕོག་བཞིན་ཡོད་པ་བརྗོད་ཡོད་པ་དང་འཛམ་གླིང་ཚོང་དོན་ལྷན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་དངོས་རིགས་འདྲ་བཤུས་བཟོ་བསྐྲུན་གྱི་ཁྲིམས་གཞི་དང་ཞིབ་བཤེར་གྱི་ལས་དོན་ཁག་ཚོང་དོན་ལྷན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཅིག་ལ་འཁྲིད་པའི་འོས་འགན་དང་མཚུངས་པ་ཞིག་ངེས་པར་བཟོ་དགོས་པའི་སློབ་སྟོན་གནང་ཡོད་འདུག