༸གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་མཇལ་འཕྲད་གནང་རྒྱུ།
ཨ་རིའི་སྲིད་འཛིན་ནས་༸གོང་ས་མཆོག་དུས་སྐབས་འོས་འཚམས་ཤིག་གི་ཐོག་ལ་མཇལ་འཕྲད་གནང་རྒྱུར་རྒྱ་ནག་གཞུང་གིས་དགག་བྱ།
-
2009-11-11 -
-
-
༄༅༎ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གི་སློབ་སྟོན་པ་སྐུ་ཞབས་ཇེཕ་རི་སྦེ་ཌར་གྱིས་ཨ་མི་རི་ཀའི་སྲིད་འཛིན་མཆོག་ནས་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དུས་སྐབས་འོས་འཚམས་ཤིག་གི་ཐོག་ལ་མཇལ་འཕྲད་གནང་གི་རེད་ཅེས་བདུན་ཕྲག་འདིའི་ནང་གསུངས་བའི་རྗེས་སུ་ཏཱ་ལའི་བླ་མ་མཆོག་དང་ཕྱིའི་རྒྱལ་ཁབ་ཀྱི་འགོ་འཁྲིད་ཚོ་ལྷན་མཇལ་གནང་རྒྱུར་རྒྱ་ནག་གཞུང་གིས་དགག་པ་ཞུ་རྒྱུ་ཡིན་ལ་རྒྱ་ནག་གཞུང་གི་ལངས་ཕྱོགས་ནི་བློ་བརྟན་འགྱུར་བ་མེད་ཅིང་གསལ་ཞིང་གསལ་བ་ཡིན་ཞེས་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིང་གང་གིས་དེ་རིང་སླར་ཡང་སྐྱོན་བརྗོད་ཞུས་ཡོད་པ་རེད། ཨ་མི་རི་ཀའི་སྲིད་འཛིན་མཆོག་ལ་ཨེ་ཤེ་ཡའི་སྲིད་བྱུས་ཐད་ལ་སློབ་སྟོན་འབུལ་མཁན་སྐུ་ཞབས་ཇེཕ་རི་སྦེ་ཌར་གྱིས་ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་བདུན་ཕྲག་འདིའི་ནང་རྒྱནག་ཏུ་གཟིགས་བསྐོར་གནང་སྐབས་བོད་ཀྱི་གནད་དོན་སྐོར་རྒྱ་ནག་གི་དབུ་ཁྲིད་ཚོ་དང་ལྷན་དུ་གླེང་སློང་གནང་གི་རེད་བསམ་པའི་རྒྱུ་མཚན་གང་ཅིའི་ཐད་ནས་ངས་རེ་བ་མཐོང་གི་འདུག་ཅེས་གསུངས་ཡོད་པ་རེད།
ཁོང་གིས་སྐབས་དེར་སྲིད་འཛིན་ཨོ་སྦ་མ་མཆོག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཇིན་ཏའོ་ལྷན་དུ་བཀའ་མོལ་གནང་སྐབས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་ཨ་མི་རི་ཀའི་གཞུང་གི་ཕྱོགས་ནས་ཐུགས་འཚབ་གནང་གི་ཡོད་པ་རྒྱ་ནག་གི་སྲིད་འཛིན་མཆོག་ལ་ཐད་ཀར་གླེང་སློང་གནང་གི་རེད་ཅེས་དང་དུས་སྐབས་འོས་འཚམས་ཤིག་གི་ཐོག་ལ་བོད་མིའི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་མཇལ་འཕྲད་གནང་གི་རེད་ཅེས་ཀྱང་ཁོང་གིས་གསལ་པོ་གསུང་ཡོད་པ་རེད།