རྒྱ་ནག་གཞུང་གིས་བོད་མི་༥༥ལ་ཁྲིམས་བཅད་བྱས་ཡོད་པའི་སྐོར།
རྒྱ་ནག་གཞུང་གིས་ཁ་ས་བོད་མི་མང་པོ་ཞིག་ལ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ཁྲིམས་ཆད་ཀྱི་ཉེས་པ་བཏང་བའི་གསལ་བསྒྲགས་བྱས་འདུག
-
2008-11-05 -
-
-
༄༅༎རྒྱ་ནག་གཞུང་གིས་ཕྱོགས་གཅིག་ཏུ་བོད་མིའི་སྐུ་ཚབ་ཀྱི་ལྷན་བོད་ཀྱི་གནད་དོན་སེལ་ཐབས་ཀྱི་གྲོས་མོལ་ལ་ཞུགས་ཏེ་ཡོད་ནའང་ཕྱོགས་གཞན་དུ་ཁ་ས་བོད་མི་༥༥ལ་འདིའི་ལོའི་གསུམ་བཅུའི་དུས་དྲན་ནས་འགོ་བཙུགས་བོད་ནང་བོད་མིའི་སྒེར་ལངས་ཀྱི་ལས་འགུལ་ནང་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་བར་ཁྲིམས་ཆད་ཀྱི་ཉེས་པ་བཏང་བའི་གསལ་བསྒྲགས་བྱས་ཡོད་པ་རེད།
དེ་ནི་རྒྱ་ནག་གཞུང་གིས་བོད་མིའི་གནད་དོན་ལ་བསམ་ཤེས་ནན་ཏན་ཞིག་བྱེད་འདོད་ཡོད་པའི་རྣམ་པ་ཞིག་མི་མངོན་པ་དང་ད་རེས་ བོད་མི་༥༥ལ་ཁྲིམས་ཆད་བཏང་བའི་གནད་དོན་ལ་ཆ་མཚོན་ནའང་བོད་མི་དེ་རྣམས་ཀྱི་ནག་ཉེས་ཇི་ཡིན་དང་ཁྲིམས་ཆད་ཀྱི་ཉེས་པ་གང་ཡིན་སོགས་ཀྱི་གནད་དོན་གསལ་བཤད་གང་ཡང་མེད་པར་ཁྲིམས་ཆད་བཏང་བའི་གསལ་བསྒྲགས་བྱས་ཡོད་པ་རེད།
གནད་དོན་ཉམས་ཞིབ་པ་ཚོས་གསུངས་ན་དེ་ནི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལ་རྒྱ་ནག་གི་མངའ་འོག་ས་ཁུལ་ཁག་ལ་འཛུགས་བསྐྲུན་ཡར་རྒྱས་ཇི་ཙམ་ཆེན་པོ་ཕྱིན་ཡོད་པའི་གནད་དོན་ངོ་སྤྲོད་བྱེད་བཞིན་པའི་ནང་དོན་དང་མ་མཚུངས་པ་ཞིག་གྱུར་ཡོད་སྐོར་གསུངས་ཀྱི་ཡོད་པ་རེད།
དེ་ཡང་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་དེ་རིང་གནས་ཚུལ་གསལ་བསྒྲགས་ཤིག་བྱས་པའི་ནང་རྒྱ་ནག་གཞུང་གིས་དེ་སྔ་འཛིན་བཟུང་བཙོན་བཅུག་གིས་རྗེས་སུ་གློད་གྲོལ་བཏང་པའི་བོད་མི་ཁག་ཅིག་ཀྱང་ད་ཆ་སླར་ཡང་འཛིན་བཟུང་བྱེད་བཞིན་པའི་གནས་ཚུལ་སྤེལ་ཡོད་པ་དང་དེའི་ནང་དཔེར་ན་དེ་སྔ་འཇིགས་མེད་ཞུ་བའི་དགེ་འདུན་པ་ཞིག་གིས་སྐབས་དེར་ཕྱི་རྒྱལ་གསར་འགོད་པར་བོད་ནང་བོད་མིའི་དཀའ་སྡུག་ངོ་སྤྲོད་ཀྱིས་བཀའ་མོལ་གནང་བར་ཁོང་འཛིན་བཟུང་གིས་ཟླ་བ་འགའ་ཤས་བཀག་ཉར་གྱིས་རྗེས་སུ་གློད་གྲོལ་བྱུང་ཡོད་ནའང་གན་སུའི་ཞིང་ཆེན་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ཁོང་ད་རེས་སླར་ཡང་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།།