རྒྱ་གཞུང་གིས་གསར་འགོད་རང་དབང་ཐད་སྔར་བས་དམ་བསྒྲཌ།

རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་དམ་བསྒྲགས་ཆེ་རུ་བཏང་སྟེ་ཕྱི་རྒྱལ་གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་ལ་བཀག་འགོག།

༄༅༎རྒྱ་ཡིག་དྲ་རྒྱའི་ཐོག་དཀྱིལ་ཤར་ཡུལ་གྲུའི་བ་སྤུའི་མེ་ཏོག་གི་གསར་བརྗེ་འོས་ལངས་ཀྱི་ལས་འགུལ་ལ་དཔེ་བལྟས་ཏེ་གཟའ་འཁོར་རྟག་ཆར་གྲོང་ཁྱེར་ཧྲང་ཧད་ནང་གི་སྐད་གྲགས་ཆེ་བའི་སྤྱི་གླིང་དང་རྒྱལ་ས་པེ་ཅིང་ནང་གི་ལྦང་ཕུའུ་ཅིང་ཁྲོམ་གཞུང་དུ་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་དགོས་པའི་སྐུལ་སློང་གི་གནས་ཚུལ་ཐོན་པའི་རྐྱེན་གྱིས་རྒྱ་ནག་གཞུང་གིས་གསར་འགོད་རང་དབང་ཐོག་དམ་བསྒྲགས་ཆེ་རུ་བཏང་སྟེ། ས་ཆ་དེ་གཉིས་ཐོག་ཕྱི་རྒྱལ་གསར་འགོད་པར་གནས་ཚུལ་མཁོ་སྒྲུབ་བྱེད་པར་བཀག་འགོག་བྱས་ཡོད་པ་རེད།

རྒྱ་ནག་གཞུང་གིས་དམ་བསྒྲགས་ཀྱི་སྲིད་ཇུས་གསར་པ་ཞིག་གཏན་འབེབས་བྱས་པ་དེ་ནི། རེས་གཟའ་ཉི་མའི་ཉིན་ཕྱི་རྒྱལ་གསར་འགོད་པས་གྲོང་ཁྱེར་ཧྲང་ཧད་དང་པེ་ཅིང་གི་ས་གནས་དེ་གཉིས་ནང་གནས་ཚུལ་མཁོ་གྲུབ་བྱེད་ཐབས་བྱེད་པའི་སྐབས། ཁོང་ཚོའི་ཐོག་དྲག་རྩུབ་བེད་སྤྱོད་བཏང་བ་མ་ཟད། བོད་ནང་ཕྱི་རྒྱལ་གསར་འགོད་པ་གནས་ཚུལ་མཁོ་གྲུབ་བྱེད་པ་བསྐྱོད་རྒྱུར་དམིགས་བསལ་ཆོག་མཆན་ཞུ་དགོས་པ་ཇི་བཞིན་རྒྱ་ནག་གི་ས་ཁུལ་དེ་དག་ནང་ལའང་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ་རེད། དེ་ཡང་གསར་འགོད་སྲུང་སྐྱོབ་ཚོགས་པའི་ཨེ་ཤི་ཡའི་འབྲེལ་འཐུད་པ་སྐུ་ཞབས་སྦོབ་ཌིཛ་ཡིས་གསལ་བསྒྲགས་ཤིག་སྤེལ་བའི་ནང༌། རྒྱ་ཡིག་དྲ་རྒྱའི་ཐོག་དཀྱིལ་ཤར་ཡུལ་གྲུའི་ནང་སྤེལ་བཞིན་པའི་མི་དམངས་ཀྱི་འོས་ལངས་ཀྱི་ལས་འགུལ་གྱི་བློ་སྟོབས་སྤེལ་ཏེ། རྒྱ་ནག་གི་གྲོང་ཁྱེར་ཁག་འགའ་ཤས་ནང་རེས་གཟའ་ཉི་མ་རྟག་པར་དུས་གཅིག་ལ་མི་དམངས་ཀྱི་འོས་ལངས་ཀྱི་ལས་འགུལ་སྤེལ་དགོས་པའི་བརྒྱུད་སྐུལ་གྱི་གནས་ཚུལ་ཐོན་པར་བརྟེན་ནས་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གི་ཉེན་རྟོག་པས་ཕྱི་རྒྱལ་གསར་འགོད་པའི་ཐོག་ལ་རྩུབ་སྤྱོད་ལག་བསྟར་བྱས་པ་དེ་ནི་ཕྱི་ལོ་༢༠༠༨ལོར་རྒྱ་ནག་ཏུ་ཨོ་ལིམ་པིཀ་རྩེད་འགྲན་ཚོགས་པའི་སྐབས་ཕྱི་རྒྱལ་གསར་འགོད་པའི་ཐོག་རྩུབ་སྤྱོད་ཀྱི་བྱ་སྤྱོད་ལག་བསྟར་བྱས་པའི་རྗེས་ད་རེས་སྡུག་ཤོས་བྱུང་ཡོད་པ་གསུང་ཡོད་པ་རེད། འོན་ཀྱང་དེ་རིང་རེས་གཟའ་མིག་དམར་ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅིའང་ཡུའུ་གསར་འགོད་ལྷན་ཚོགས་ཐོག་ཕྱི་རྒྱལ་གསར་འགོད་པའི་ཐོག་དྲག་རྩུབ་ལག་བསྟར་བྱས་པ་རྣམས་ཉེན་རྟོག་ལས་ཁང་དུ་སྙན་གསེང་ཞུ་དགོས་པ་དང༌། ཁོང་ཚོས་རྒྱ་ནག་གི་སྒྲིག་སྲོལ་དང་འགལ་འཛོལ་བྱས་ཡོད་མེད་རྟོགས་ཞིབ་བྱ་རྒྱུ་ཡིན་ཞེས་དང༌། ད་དུང་ཕྱི་རྒྱལ་གསར་འགོད་པ་ཚོར་ས་གནས་ཀྱི་གསར་འགོད་པ་ལས་གནས་ཚུལ་མཁོ་སྒྲུབ་བྱེད་པར་རང་དབང་ཆེ་བ་ཡོད་ཚུལ་བཤད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org