བོད་ཀྱི་དམིགས་བསལ་ཚོགས་ཆེན་ལ་རྒྱ་ནག་གིས་ངོ་རྒོལ།
དམིགས་བསལ་ཚོགས་ཆེན་ནང་མཉམ་ཞུགས་གནང་མཁན་ཚོས་བོད་མི་མང་ཚོགས་ཀྱི་བསམ་ཚུལ་མཚོན་གྱི་མེད་པ་རྒྱ་ནག་གིས་བཤད་འདུག
-
2008-11-13 -
-
-
༄༅༎བདུན་ཕྲག་རྗེས་མ་བཞུགས་སྒར་རྡ་རམ་ས་ལར་ཚོགས་རྒྱུའི་བོད་ཀྱི་གནད་དོན་ཐད་དམིགས་བསལ་ཚོགས་ཆེན་ནང་མཉམ་ཞུགས་གནང་མཁན་ཚོས་བོད་མི་མང་ཚོགས་ཀྱིས་བསམ་ཚུལ་མཚོན་གྱི་མེད་པར་སོང་དོན་སྙིང་གང་ཡང་མེད་པའི་ལྷན་ཚོགས་ཡིན་སྐོར་རྒྱ་ནག་གཞུང་གིས་གཏམ་བཤད་སྤེལ་འདུག
བོད་མིའི་འཐབ་རྩོད་ཀྱི་མདུན་ལམ་གྱི་ཁ་ཕྱོགས་གསལ་རྟོགས་སླད་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་འདི་ཟླའི་ཚེས་བཅུ་བདུན་ནས་ཉི་ཤུ་གཉིས་བར་ཉིན་གྲངས་དྲུག་རིང་བཞུགས་སྒར་རྡ་རམ་ས་ལར་བོད་གཞུང་དམངས་ལས་གྲུབ་པའི་སྤྱི་སྒེར་སྐུ་ཚབ་མཚོན་པའི་འཐུས་མི་རྣམས་ནས་བོད་ཀྱི་རྩ་དོན་ཐོག་གོ་བསྡུར་གྱི་ལྷན་ཚོགས་གནང་རྒྱུ་ཡིན་པ་རེད།
རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་བཙན་བྱོལ་བོད་མིའི་དམིགས་བསལ་གྱི་ལྷན་ཚོགས་དེས་བོད་ལ་རང་བཙན་གྱི་གནས་བབ་བསྐྲུན་རྒྱུའི་དམིགས་ཡུལ་གཙོ་དོན་ཡིན་ལུགས་སྐྱོན་བརྗོད་དང་རྒྱལ་སྤྱིའི་ཐོག་རྒྱ་ནག་ཁ་བྲལ་གཏོང་བའི་ལས་འགུལ་ཇི་འདྲ་ཞིག་ལ་རྒྱ་ནག་གཞུང་ཕྱོགས་ནས་ངོ་རྒོལ་མཐའ་ཅིག་ཡོད་སྐོར་ནན་བཤད་བྱས་འདུག རྒྱ་ནག་གི་ཕྱི་འབྲེལ་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་མུ་མཐུད་བརྗོད་ན་བོད་མིའི་དམིགས་བསལ་གྱི་ལྷན་ཚོགས་ནང་མཉམ་ཞུགས་གནང་འཆར་ཡོད་པ་དང་དེ་བཞིན་དངོས་སུ་མཉམ་ཞུགས་བྱེད་མཁན་ཚོས་བོད་མི་མང་ཚོགས་ཀྱི་བསམ་ཚུལ་མཚོན་གྱི་མེད་པ་དང་ལྷན་ཚོགས་ཀྱི་ལས་དོན་དེ་བཞིན་དོན་སྙིང་གང་ཡང་སོན་རྒྱུ་མིན་པ་མ་ཟད་རྒྱ་གར་གཞུང་གིས་ཀྱང་དེ་སྔོན་རྒྱ་ནག་གཞུང་ལ་ཁས་ལེན་བྱས་པ་གཞིར་བཟུང་རྒྱ་ནག་ཁ་བྲལ་གཏོང་བའི་ལས་འགུལ་དེ་རིགས་བཀག་སྡོམ་ཡོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསལ་འདོན་བྱས་འདུག