རྒྱ་ནག་གཞུང་གིས་གསེར་རྟའི་གཏོར་བཤིག་ངོས་ལེན་བྱས་མེད་པ།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་ཁག་གཏོར་བཤིག་བཏང་བའི་གནས་ཚུལ་དེ་བདེན་པ་མིན་ལུགས་རྒྱ་ནག་གཞུང་གིས་གཏམ་བཤད་སྤེལ་འདུག

རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པའི་ཡུལ་དངོས། ༢༠༡༧།༡ བོད་འབྱོར།

གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་ཁག་གཏོར་བཤིག་བཏང་བའི་གནས་ཚུལ་དེ་བདེན་པ་མིན་ལུགས་རྒྱ་ནག་གཞུང་གིས་གཏམ་བཤད་སྤེལ་འདུག
དེ་ཡང་འདི་ཚེས་༡༤་རེས་གཟའ་མིག་དམར་ཉིན། གསེར་རྟ་རྫོང་གི་རྒྱ་ནག་གཞུང་གི་མགྲིན་ཚབ་པ་Jiang Zhiming ཟེར་བས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གྱི་གྲྭ་ཤག་ཁག་གཏོར་བཤིག་བཏང་བའི་གནས་ཚུལ་དེ་བདེན་པ་མིན་ལུགས་དང་། བླ་རུང་སྒར་དུ་གནས་སྡོད་གནང་མཁན་རྣམས་ཀྱི་བདེ་འཇགས་དང་མི་མང་གི་འཕྲོད་བསྟེན་ཡར་རྒྱས་གཏོང་ཆེད་འཛུགས་བསྐྲུན་གྱི་ལས་དོན་སྤེལ་བཞིན་ཡོད་སྐོར་གཏམ་བཤད་བྱས་ཡོད་འདུག
ཁོང་གིས་གསེར་རྟ་བླ་རུང་སྒར་གྱི་ཁང་པ་འགའ་ཤས་སྔ་ལོ་གཏོར་བཤིག་བཏང་བ་དེ་དག་མེ་གསོད་རུ་ཁག་བསྐྱོད་རྒྱུའི་ལམ་ཆེན་བཟོ་རྒྱུའི་ཆེད་བཏང་སྐོར་དང་། ད་ལྟའི་ཆར་བླ་རུང་སྒར་དུ་དགེ་འདུན་པ་དང་བཙུན་མའི་གྲངས་འབོར་ཇི་ཡིན་གསལ་བརྗོད་བྱས་མེད་ཀྱང་མི་གྲངས་ ༨༠༠་སྐོར་ཞིག་ཉེ་འཁྲིས་ཀྱི་གྲོང་ཚོ་ཞིག་ནང་གནས་སྤོས་བྱས་ཡོད་སྐོར་བརྗོད་ཡོད་འདུག
ཁོང་གིས་གསེར་རྟ་བླ་རུང་སྒར་དུ་བསྐྱར་གསོའི་ལས་དོན་ཀྱི་དམིགས་ཡུལ་ནི། ཆོས་སྒར་དེར་གནས་སྡོད་གནང་མཁན་ཚོའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུའི་ཆེད་དང་། མེ་སྐྱོན་གྱི་ཉེན་ཁ་མི་འབྱུང་ཆེད་ཡིན་པ་རེད་ཅེས་བརྗོད་ཡོད་འདུག ཁོང་གིས་གོང་ཞུས་རྒྱ་གཞུང་གི་བསྐྱར་གསོའི་ལས་དོན་དེ་སྔ་ལོ་ཕྱི་ཟླ་ལྔ་པའི་ནང་འགོ་འཛུགས་བྱས་ཡོད་སྐོར་དང་། ཟླ་བ་འདིའི་ནང་ལས་དོན་མཇུག་བསྒྲིལ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག
ཡིན་ནའང་སྔ་ལོ་ནས་བོད་མི་དང་བོད་དོན་རྒྱབ་སྐྱོར་གནང་མཁན་རྣམས་ཀྱིས་གསེར་རྟ་བླ་རུང་སྒར་ཙམ་མ་ཟད། ཡ་ཆེན་སྒར་གཉིས་ནང་གི་གྲྭ་བཙུན་རྣམས་ཀྱི་གྲྭ་ཤག་སྟོང་ཕྲག་མང་པོ་བཙན་དབང་ཐོག་གཏོར་བཤིག་དང་། ཁོང་རྣམས་ཆོས་སྒར་དེ་གཉིས་ནས་ཕྱིར་འབུད་བཏང་བར་ངོས་འཛིན་ཙམ་མ་ཟད།་ཁོང་ཚོའི་ཡ་ང་བའི་གནས་སྟངས་དེ་འཛམ་གླིང་ནང་ཕྱི་བསྒྲགས་གང་ཡོང་གནང་ནས་དེ་དག་མཚམས་འཇོག་ཡོང་རྒྱུའི་ཆེད་ལས་འགུལ་སྣེ་མང་སྤེལ་དང་སྤེལ་མུས་ཡིན་པ་རེད། གང་ལྟར་རྒྱ་ནག་གཞུང་གིས་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མིའི་ཆོས་དད་རང་དབང་ཐོག་དམ་དྲག་དང་དྲག་གནོན་མུ་མཐུད་བྱས་དང་བྱེད་མུས་དང་གསེར་རྟ་བླ་རུང་སྒར་དང་། ཡ་ཆེན་སྒར་ནང་སྤེལ་བཞིན་པའི་ལས་དོན་དེ་དག་ད་ལྟའི་ཆར་མངོན་གསལ་ཆེ་ཤོས་དེ་ཆགས་ཡོད་པ་རེད།

གསར་འགོད་པ་ལྷུན་གྲུབ་ཚེ་རིང་།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org