བོད་ནང་ཕྱིའི་གསར་འགོད་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་བཀག་སྡོམ་བྱེད་བཞིན་པ།
རྒྱ་ནག་གཞུང་གིས་བོད་ནང་ཕྱི་ཕྱོགས་ནས་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་ད་ལྟའང་མུ་མཐུད་བཀག་འགོག་བྱ་རྒྱུ་ཡིན་འདུག
-
2008-06-12 -
-
-
༄༅༎འདི་ལོ་བོད་ནང་ཞི་རྒོལ་གྱི་དོན་རྐྱེན་ལ་བརྟེན་ནས་ ཕྱི་ཕྱོགས་ནས་བོད་ནང་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པའི་འགྲིམ་འགྲུལ་ད་ལྟའང་མུ་མཐུད་བཀག་འགོག་བྱ་རྒྱུ་ཡིན་སྐོར་རྒྱ་ནག་གཞུང་གིས་བརྗོད་པའི་གནས་ཚུལ་ཐོན་འདུག་༎
དེ་ཡང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ འདི་ལོ་ཕྱི་ཟླ་༣པའི་ཚེས་༡༤ཉིན་བོད་ནང་དྲག་ཟིང་གི་དོན་རྐྱེན་གྱི་རྐྱེན་པས་ ལྷ་ས་དང་གཞན་བོད་ཀྱི་ས་ཁུལ་ཡོངས་རྫོགས་སུ་ད་ལྟའང་ཕྱི་ཕྱོགས་ནས་ཡུལ་བསྐོར་སྤྲོ་འཆམ་པ་དང་གསར་འགོད་པས་འགྲུལ་བསྐྱོད་མུ་མཐུད་བཀག་སྡོམ་ཡིན་སྐོར་ཉིན་རེའི་གསར་འགོད་ལྷན་ཚོགས་ཐོག་གསལ་འདོན་བྱས་བཞག་ རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ནས་བོད་ནང་འགྲུལ་བསྐྱོད་དམ་བསྒྲགས་བྱེད་དགོས་པའི་གནས་སྟངས་འདི་ཏཱ་ལའི་རུ་ཚོགས་ལ་འགན་འཁྲི་ཡོད་པ་མ་གཏོགས་རྒྱ་ནག་གཞུང་གི་སྲིད་ཇུས་ནོར་འཁྲུལ་མིན་ལུགས་གཏམ་བཤད་སྤེལ་འདུག འདི་ལོ་ཕྱི་ཟླ་༣པའི་ཚེས་༡༠ནས་བཟུང་ བོད་ཆོལ་ཁ་གསུམ་ཁྱོན་ཡོངས་སུ་བོད་མི་མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཞི་རྒོལ་རྒྱ་ཁྱབ་ཏུ་འགྲོ་སྐབས་རྒྱ་ནག་གཞུང་གིས་བོད་མིའི་ཞི་རྒོལ་ལ་དྲག་ཤུགས་ཆེན་པོས་དྲག་གནོན་བྱས་སྟེ་ བོད་མི་༢༠༠ལྷག་དམར་བསར་བཏང་ཡོད་པར་བཙན་བྱོལ་བོད་གཞུང་གིས་གསུང་གི་ཡོད་པ་མ་ཟད་ བོད་ནང་ཕྱི་རྒྱལ་གསར་འགོད་པ་དང་གཞན་ཡུལ་སྐོར་སྤྲོ་འཆམ་པའི་འགྲིམས་འགྲུལ་མུ་མཐུད་བཀག་སྡོམ་བྱེད་བཞིན་པ་འདི་རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་ཇུས་མུ་མཐུད་ལག་བསྟར་བྱེད་རྒྱུའི་དོན་དུ་ཡིན་པ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ཅིག་བློ་དོགས་གནང་གི་ཡོད་པ་རེད་ དེ་རིང་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཆིན་ཀང་གིས་ བོད་ནང་ཞི་ལྷིང་བསྐྱར་གསོ་བྱུང་རྗེས་ རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་བོད་ཀྱི་སྒོ་མོ་འབྱེད་རྒྱུའི་བསམ་ཞིབ་བྱ་རྒྱུ་ཡིན་སྐོར་གཏམ་བཤད་སྤེལ་འདུག་༎