ཨ་རིའི་སྐྱོན་བརྗོད་ལ་རྒྱ་ནག་གིས་དགག་པ།

རྒྱ་ནག་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་ཞིབ་འཇུག་ལྷན་ཁང་གིས་རྒྱ་ནག་གི་ཆོས་དད་རང་དབང་ལ་སྐྱོན་བརྗོད་ཀྱི་སྙན་ཐོ་དེར་དགག་ལན།

༄༅༎ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཞིབ་འཇུག་ལྷན་ཁང་གིས་གཟའ་འཁོར་སྔོན་མ་བཏོན་པའི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་ཆོས་ལུགས་རང་དབང་ལ་རྩིས་མེད་རྡོག་རོལ་ཤུགས་ཆེ་གཏོང་གི་ཡོད་པའི་སྐྱོན་བརྗོད་གནང་ཡོད་པར་ དེ་རིང་གཟའ་ལྷག་པའི་ཉིན་རྒྱ་ནག་གཞུང་གིས་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་ཞིབ་འཇུག་ལྷན་ཁང་གིས་རྒྱ་ནག་གི་ཆོས་དད་རང་དབང་ལ་སྐྱོན་བརྗོད་ཀྱི་སྙན་ཐོ་དེར་དགག་པ་རྒྱབ་ཡོད་པ་དང་ དེའི་ནང་ཨ་རིའི་ཆོས་ལུགས་རང་དབང་ལྷན་ཁང་གིས་འདོད་ཕྱོགས་ཀྱི་མཐོང་ཚུལ་དོར་དགོས་ལུགས་བརྗོད་ཡོད་ཅིང་ ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཞིབ་འཇུག་ལྷན་ཁང་ཟེར་བས་ཕྱོགས་རིས་ཀྱི་མཐོང་ཚུལ་འཛིན་ནས་ རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱ་རྒྱུ་མཚམས་འཇོག་དགོས་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཅང་དབྱུས་ཀྱི་མིང་ཐོག་ནས་སྤེལ་བའི་གསལ་བསྒྲགས་ནང་འཁོད་ཡོད་པ་རེད་ གཟའ་འཁོར་སྔོན་མ་ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཞིབ་འཇུག་ལྷན་ཁང་གིས་འདོན་སྤེལ་གནང་བའི་རྒྱལ་སྤྱིའི་ཆོས་ལུགས་ཐོབ་ཐང་གནས་སྟངས་སྐོར་གྱི་སྙན་ཐོ་དེའི་ནང་འདས་པའི་ལོ་ངོ་གཅིག་ནང་རྒྱ་ནག་ནང་གཞུང་ལ་དེབ་སྐྱེལ་མ་བྱས་པའི་ཆོས་ལུགས་ཚོགས་པ་དང་ ཡང་ན་གཞུང་གིས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་ཀྱི་འཆམ་མཐུན་ལ་གནོད་ཚབས་བཟོ་མཁན་ཡིན་པར་ཡིད་ཆེས་བྱེད་ཡས་ཀྱི་ཆོས་ལུགས་ཚོགས་པ་ཚོར་རྡུང་རྡེག་ནན་པོ་བཏང་ཡོད་པ་མ་ཟད་ ཡི་ཤུའི་ཆོས་དད་པ་མི་གྲངས་ལྔ་བརྒྱ་ལྷག་ཙམ་འཛིན་བཟུང་དོ་དམ་བྱས་ཡོད་པ་དང་ ཡི་ཤུའི་ཆོས་དད་པ་ཙམ་མ་ཟད་བོད་རྒྱུད་ནང་བསྟན་ཆོས་དད་པ་དང་ཡུ་གུར་ཁ་ཆེའི་ཆོས་དད་པ་ཚོའི་ཐོག་ལ་ཡང་དམ་བསྒྲཌ་སྟངས་འཛིན་ཤུགས་ཆེ་བྱས་ཡོད་པའི་སྐོར་སོགས་བཀོད་ཡོད་འདུག ཨ་རིའི་རྒྱལ་སྤྱིའི་ཆོས་ལུགས་རང་དབང་ཞིབ་འཇུག་ལྷན་ཁང་དེ་བཞིན་ཕྱི་ལོ་༡༩༩༨ལོར་ཨ་རིའི་རྒྱལ་སྤྱི་ཆོས་ལུགས་རང་དབང་ཁྲིམས་ལུགས་གཞིར་བཟུང་གསར་བཙུགས་གནང་བ་ཞིག་ཡིན་པ་དང་  ལྷན་ཁང་དེའི་ལས་འགན་ནི་རྒྱལ་སྤྱིའི་ཡུལ་གྲུ་ཁག་ནང་གི་ཆོས་ལུགས་རང་དབང་གནས་སྟངས་ལ་བརྟག་དཔྱད་ཞིབ་འཇུག་བྱས་ནས་ ཨ་རི་གཞུང་ལ་བསམ་འཆར་སྲིད་བྱུས་ཕུལ་གྱི་ཡོད་ཅིང་ ལྷན་ཚོགས་དེས་ཕྱི་ལོ་༡༩༩༩ལོ་ནས་ཟུང་ འདས་པའི་ལོ་ངོ་བཅུ་གྲངས་རིང་ལོ་ལྟར་  རྒྱ་ནག་དེ་བཞིན་ཆོས་ལུགས་རང་དབང་གནས་སྟངས་ཐོག་དམིགས་བསལ་དོ་སྣང་བྱེད་སའི་རྒྱལ་ཁབ་གྲས་སུ་འཇོག་དགོས་པ་ཨ་རི་གཞུང་ལ་བསམ་འཆར་ཕུལ་གྱི་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org