རྒྱ་ནག་ཉེན་རྟོག་པས་བི་བི་སིའི་གསར་འགོད་པར་ཉེན་བརྡ།
བི་བི་སི་གསར་ལས་ཁང་གི་གསར་འགོད་པ་ཁག་ཅིག་རྒྱ་མིའི་དཔུང་དམག་གི་སྐོར་སྲུང་དམ་དྲག་འོག་བོད་ནང་འཛུལ་ཐུབ་མི་འདུག།
-
2012-02-11 -
-
-
༄༅༎བི་བི་སི་གསར་ལས་ཁང་གི་གསར་འགོད་པ་ཌེ་མིཡེན་གེརེ་མེ་ཀྲི་ཀ་ཡིས་གསུངས་ན། བོད་ཀྱི་ས་ཁུལ་ཁག་ནང་རྒྱ་མིའི་དམག་དཔུང་ཕོན་ཆེ་འགྲེམས་འཇོག་བྱས་ཡོད་པ་དང༌། ཁོང་དང་ཁོང་གི་ལས་རོགས་པར་པ་དང་གསར་འགོད་པ་ཁག་ཅིག་རྔ་བ་ཁུལ་འཛུལ་ཐབས་གནང་ཡོད་ནའང༌། རྒྱ་མིའི་དཔུང་དམག་གི་སྐོར་སྲུང་དམ་དྲག་འོག་བོད་ནང་འཛུལ་ཐུབ་མི་འདུག། རྒྱ་མིའི་ཉེན་རྟོག་པས་ཁོང་རྣམ་པ་ཆུ་ཚོད་དགུའི་རིང་བཀག་ཉར་བྱས་ཏེ། ཁོང་ཚོ་བོད་ནང་བསྐྱར་དུ་འཛུལ་རྒྱུའི་ཐབས་ཤེས་བྱེད་མི་ཆོག་པའི་ཡིག་ཆའི་ཐོག་ས་རྟགས་བཀོད་དགོས་པའི་བཙན་བཀའ་བཏང་འདུག། ཡིན་ནའང་ཁོང་རྣམ་པས་ས་རྟགས་མ་སྐྱོན་པའི་མཚམས་སུ་རྒྱ་མིས་དམག་མིས་ཉི་མ་གཉིས་ནང་ཐོངས་མཆན་ཕྱིར་འཐེན་བྱས་ཏེ། རྒྱ་ནག་ནས་ཕྱིར་འབུད་གཏང་རྒྱུའི་རྡིག་ར་སྐུལ་འདུག། ཡང་དབྱིན་ཡུལ་གྱི་བི་བི་སི་གསར་ལས་ཁང་གི་གསར་འགོད་པ་ཚོས་བོད་ཀྱི་ས་ཁུལ་གཞན་ནང་འཛུལ་རྒྱུའི་ཐབས་ཤེས་གནང་ཡོད་ནའང༌། རྒྱ་མིས་བཀག་འགོག་བྱས་འདུག། རྒྱ་མིས་ཁོང་རྣམ་པར་བོད་མི་ཚོས་རང་ལུས་མེར་བསྲེག་བཏང་བ་དེ་དྲག་འཐབ་འཇིགས་སྐུལ་བའི་བྱ་སྤྱོད་ཡིན་ལུགས་འགྲེལ་བརྗོད་བྱས་པ་དང༌། ཆབས་ཅིག་བོད་མིའི་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་པའི་གནས་ཚུལ་དེ་གསང་ཐབས་བྱས་འདུག། གསར་འགོད་པ་ཌེ་མིཡེན་ཡིས་རྒྱ་མིའི་ཉེན་རྟོག་པ་བཞིས་ང་ཚོ་འགྲོ་སའི་བོད་པའི་གྲོང་གསེབ་དེའི་ནང་གང་འགྲོ་ཡོང་ཡོང་བ་བྱས་ཡོད་པ་དང༌། ཉེན་རྟོག་པ་གཅིག་ང་ཚོ་མཉམ་དུ་འགྲུལ་འཁོར་ནང་འཛུལ་སོང་། ཉེན་རྟོག་པས་བོད་མི་ཚོར་ང་ཚོ་སྐད་ཆ་བཤད་ན་འགྲིག་གི་མེད་པའི་ཉེན་བརྡ་བཏང་ཡོད་པ་དང༌། ང་ཚོ་གང་དུ་འགྲོ་ཀྱང་བལྟས་བལྟས་པ་རེད། བོད་པའི་ཞིང་པ་ཞིག་གིས་ང་ཚོར་སྐད་ཆ་བཤད་རྩིས་བྱས་པར་རྒྱ་མིའི་ཉེན་རྟོག་པས་མི་དེ་འཕྲལ་དུ་འཛིན་བཟུང་བྱས་ནས་བཙན་འཁྲིད་བྱས་སོང༌། ཡང་རྗེས་སུ་ང་ཚོ་གྲོང་གསེབ་དེ་ནས་ཐོན་པའི་རྗེས། རྒྱ་མིའི་ཉེན་རྟོག་པས་ང་ཚོ་འཛིན་བཟུང་བྱས་ནས་པར་བརྒྱབ་པའི་གློག་བརྙན་གྱི་ཕིང་ཤོག་འཕྲོག་ལེན་བྱས་སོང་། རྒྱ་ནག་གིས་བོད་ཐོག་དྲག་གནོན་བྱས་པའི་གནས་ཚུལ་ཕྱི་ལ་མ་ཁྱབ་པའི་གསང་ཐབས་ག་ཚོད་བྱས་ཀྱང༌། བོད་ནང་གི་བོད་མི་ཚོའི་དཀའ་སྡུག་ཉིན་རེ་ནས་ཉིན་རེ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད་ཅེས་བི་བི་སིའི་གསར་འགོད་པ་ཌེ་མིཡེན་གྱིས་འགྲེལ་བརྗོད་གནང་བཞག།