ཨ་རི་སྲིད་འཛིན་རྒྱ་ནག་ལ་མ་ཕེབས་གོང་བོད་ཁུལ་དུ་དམ་བསྒྲཌ།

ཨ་མེ་རི་ཀའི་སྲིད་འཛིན་རྒྱ་ནག་ཏུ་ཕེབས་རྒྱུའི་སྔ་རོལ་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་སྔར་བས་དམ་བསྒགས་ཤུགས་ཆེ་རུ་བཏང་འདུག

༄༅༎ཨ་མེ་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་རྒྱ་ནག་ཏུ་ཐེངས་དང་པོ་འཚམས་འདྲིར་ཕེབས་རྒྱུའི་སྔ་རོལ་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ནང་སྔར་བས་དམ་བསྒགས་ཤུགས་ཆེ་རུ་བཏང་ཡོད་པ་རེད།

དེ་རིང་རེས་གཟའ་ཉི་མའི་ཉིན་སྲིད་འཛིནཨོ་སྦ་མ་མཆོག་རྒྱ་ནག་ཏུ་འཚམས་འདྲིར་འབྱོར་ཡོད་པ་ལྟར་རྒྱ་ནག་གི་དཔོན་རིགས་ཁྲོད་དུ་བོད་མི་ཚོས་བསྐྱར་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོང་བསམ་པའི་བློ་འཚབ་དང་ཞེ་སྣང་གི་རྣམ་པ་ཡོད་པར་བརྟེན་ནས་རྒྱ་ནག་གཞུང་གིས་བོད་ཀྱི་ཨ་མདོ་རྔ་བ་ཁུལ་དུ་ཞིབ་བཤེར་ས་ཚུགས་སོགས་གསར་པ་བཙུགས་ཏེ་རྒོལ་རྡུང་གཏོང་ཕྱོགས་ཀྱི་གྲ་སྒྲིག་བྱས་ཡོད་པ་རེད། བོད་ཀྱི་ཨ་མདོ་རྔ་བ་ས་ཁུལ་དེ་ནི་ན་ནིང་བོད་ཆོལ་ཁ་གསུམ་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་རྔམ་སྟོན་ལས་འགུལ་སྤེལ་བའི་སྐབས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེ་ཤོས་སྤེལ་ཡུལ་ཞིག་ཡིན་པ་དང་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་དགོན་པའི་སྐུ་ཞབས་ཚེ་རིང་ལགས་ཀྱིས་གསུངས་ན་རྒྱ་ནག་གཞུང་གིས་ས་ཁུལ་དེའི་ནང་དུ་བོད་མིའི་ཐོག་དམ་བསྒྲགས་ཀྱི་བྱ་སྤྱོད་ཤུགས་ཆེ་རུ་བཏང་སྟེ་འཕྲིན་གཏོང་དྲ་རྒྱ་དང་ཁ་པར་སོགས་ཀྱི་འབྲེལ་མཐུད་ཁག་ཐོག་ཞིབ་བཤེར་ནན་པོ་བྱེད་པ་དང་ལྷག་པར་དུ་སྲིད་འཛིན་ཨོ་སྦ་མ་རྒྱ་ནག་ཏུ་འཚམས་འདྲིར་ཕེབས་རྒྱུའི་སྔ་རོལ་ནས་ས་ཕྱོགས་ཁག་འགའ་ཤས་ཐོག་གསར་དུ་བཙུགས་པའི་ཞིབ་བཤེར་བྱེད་ཡུལ་གྱི་བལྟ་སྲུང་ཁང་དེ་དག་གིས་ཡར་མར་འགྲོ་བསྐྱོད་བྱེད་མཁན་ལ་སྔོག་བཤེར་བྱེད་པ་དང་ངོ་སྤྲོད་ལག་འཁྱེར་ཞིབ་བཤེར་བྱེད་ཀྱི་ཡོད་པའི་སྐོར་གསུངས་ཡོད་པ་རེད། ད་དུང་ཁོང་གིས་ངོ་སྤྲོད་གནང་བར་གཞིགས་ན་ཨ་མདོ་རྔ་བ་ཁུལ་གྱི་ཨ་འདུ་དཔོན་ཚང་གི་བུ་སྒྲོལ་མ་རྣམ་རྒྱལ་ལགས་ན་ནིང་བོད་ནང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དོན་རྐྱེན་གྱི་རྗེས་སུ་རྒྱ་ནག་གི་ཟི་ཁྲོན་ཞིང་ཆེན་གྱི་གྲན་རྡུ་གྲོང་ཁྱེར་ནང་ནས་འཛིན་བཟུང་བྱས་ཏེ་རྒྱ་ནག་གཞུང་གིས་ཁོང་དང་ཡུལ་གྱར་ཁ་བྲལ་རིང་ལུགས་པ་ཏཱ་ལའི་རུ་ཚོགས་དང་འབྲེལ་བ་ཡོད་པའི་ནག་ཉེས་ཉེས་འཛུགས་ཀྱིས་ད་ལྟ་ཡང་ཁོང་ག་པར་བཙོན་འཇུག་བྱས་ཡོད་མེད་དང་ཤི་སོན་གང་ཡིན་ནང་མི་དང་སྤུན་མཆེད་སུ་གཅིག་གིས་ཤེས་རྟོག་མེད་པའི་གནས་སུ་གྱུར་ཡོད་པའི་གནས་ཚུལ་དང་དེ་བཞིན་ཨ་མདོ་རྔ་བ་ཀིརྟི་དགོན་པའི་སྐུ་ཞབས་འཇམ་དབྱངས་ཕུན་ཚོགས་ལགས་ཀྱང་འདི་ལོའི་བོད་མིའི་རང་དབང་སྒེར་ལངས་ཀྱི་དུས་དྲན་གྱི་གོང་དེར་ཕྱི་ཟླ་གསུམ་པའི་ཚེས་གསུམ་ཉིན་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ཁོང་ལ་བསྐྱལ་བའི་ཉེས་འཛུགས་ནི་ཁ་སྔོན་ཕྱི་ཟླ་གཉིས་པའི་ཚེས་ཉི་ཤུ་བདུན་ཉིན་དགེ་འདུན་པ་ཞིག་ལ་མེ་མདའ་རྒྱབ་པ་རེད་ཅེས་ཁྱོག་བཤད་ཀྱི་གནས་ཚུལ་ཕྱི་ཕྱོགས་སུ་མཁོ་སྤྲོད་དང་དྲིལ་བསྒྲགས་བྱས་པའི་ཉེས་འཛུགས་བྱས་པ་མ་ཟད་འདི་ལོའི་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གི་ཤིང་ཏཱ་གསར་ཤོག་ཐོག་ལ་སྐུ་ཞབས་འཇམ་དབྱངས་ལགས་ཀྱིས་རང་སྐྱོན་ངོས་ལེན་བྱས་ཚུལ་གྱི་དྲིལ་བསྒྲགས་བྱས་ཏེ་གང་ལྟར་སྐུ་ཞབས་འཇམ་དབྱངས་ལགས་ཕྱི་ཟླ་གསུམ་པ་ནང་འཛིན་བཟུང་བྱས་པ་ནས་བཟུང་ད་བར་ཟླ་བ་དགུ་ཙམ་དེའི་རིང་ལ་ཁོང་གི་ནང་མི་དང་སྤུན་མཆེད་ཚོས་ག་པར་ཡོད་མེད་དང་ཤི་སོན་གྱི་གནས་ཚུལ་གང་ཡང་ཤེས་རྟོག་མེད་པར་བརྟེན་ནང་མི་ཚོས་ཁོང་ད་ལྟ་སོན་པོར་གནས་ཡོད་པའི་རེ་བ་དང་བྲལ་ཡོད་པའི་གནས་ཚུལ་ངོ་སྤྲོད་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org