རྒྱ་ནག་གཞུང་གིས་ཆོད་དད་རང་དབང་གི་ཐོག་དམ་དྲག་ཆེ་རུ་གཏོང་གི་འདུག
རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐྱར་བཅོས་སྒྲིག་གཞི་གསལ་བསྒྲགས་བྱས་ནས་རྒྱལ་ནང་གི་ཆོད་དད་རང་དབང་གི་ཐོག་དམ་དྲག་ཆེ་རུ་བཏང་འདུག
-
2017-09-08 -
-
-
རྒྱ་ནག་གཞུང་གིས་རྒྱལ་ནང་ལ་ཉེན་ཚབས་བཟོ་གཞིར་མཐོང་སའི་དོན་རྐྱེན་མེད་པ་བཟོ་ཐབས་དང་། མཐར་ལྷུང་རིང་ལུགས་པའི་ལས་འགུལ་ལ་རྩིས་སའི་བྱ་སྤྱོད་རིགས་འགོག་ཐབས་ཡིན་ཁུལ་བྱས་ཏེ། རྒྱ་གཞུང་ནས་བཀའ་ཁྲོལ་མེད་པའི་ལས་དོན་ལ་ཉེས་ཆད་བཏང་བ་དང་ཚོགས་སྡེ་འགའ་ཤས་ཐོག་རྟོག་ཞིབ་ནན་པོ་བྱས་པ་བརྒྱུད་མང་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་པ་རེད།
རྒྱ་ནག་གཞུང་གིས་རྒྱ་ནག་ནང་གི་ཁ་ཆེ་དང་། ཡེ་ཤུའི་ཆོས་ལ་དད་པ་བྱེད་མཁན་ཚོའི་ཐོག་དམ་དྲག་བྱེད་བཞིན་པའི་ཐོག ཆོས་ཚོགས་ཁག་ལ་ཕྱི་རྒྱལ་ནས་རོགས་རམ་ལེན་མ་ཆོག་པའི་དམ་དྲག་བྱེད་བཞིན་པའི་སྐབས་འདིར། འདི་ཚེས་༧་ཉིན་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བསྐྱར་བཅོས་སྒྲིག་གཞི་གསལ་བསྒྲགས་བྱས་འདུག
རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཞུང་འབྲེལ་དྲ་རྒྱའི་ཐོག་བཏོན་པའི་བསྐྱར་བཅོས་སྒྲིག་གཞི་གསར་པ་དེའི་ནང་། ཚོགས་པ་སྒྲིག་འཛུགས་གང་རུང་འམ་ཡང་ན་མི་སྒེར་སུ་རུང་གིས་ཆོས་ཁ་ལ་མཁྱེར་ནས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་ཚབས་གཏོང་གཞི་འམ། ཡང་ན་སྤྱི་ཚོགས་དཀྲུག་རྐྱེན་སློང་གཞིའི་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་གཏན་ནས་བྱེད་ཆོག་གི་མེད་པ་གསལ་བཏོན་བྱས་འདུག
འཆར་ལོ་༢༠༡༨་ལོའི་ཕྱི་ཟླ་༢་པའི་ཚེས་༢་ནས་དངོས་སུ་ལག་བསྟར་བྱ་རྒྱུའི་སྒྲིག་གཞིའི་ནང་། ཆོས་ཚོགས་ཁག་གཞུང་འབྲེལ་དེབ་སྐྱེལ་བྱེད་དགོས་རྒྱུ་དང་། དེའི་གོང་ནས་ཆོས་ཁང་སོགས་བཙུགས་མ་ཆོག་པ་དེབ་སྐྱེལ་མེད་པའི་ཚོགས་པ་སྒྲིག་འཛུགས་ཁག་གིས་ད་ནས་བཟུང་སློབ་གྲྭ་འང་གསར་འཛུགས་བྱེད་མ་ཆོག་པ་བཟོས་འདུག
གཞུང་ནས་བཀའ་ཁྲོལ་ཆོག་མཆན་མེད་པར་ཆོས་ཕྱོགས་ཀྱི་མཛད་སྒོ་ཚུགས་པ་ཡིན་ན་རྒྱ་ནག་གཞུང་གིས་དངུལ་གྱི་ཆད་པ་རྒྱ་སྒོར་འབུམ་གསུམ་བར་སྤར་ཆ་བྱས་ཡོད་པ་མ་ཟད། ཆོས་ཕྱོགས་དང་འབྲེལ་བའི་བྱེད་སྒོ་ཚུགས་ཡུལ་ཚོགས་ཁང་གཡར་མཁན་ལའང་དངུལ་གྱི་ཆད་པ་རྒྱ་མིའི་དངུལ་ལོར་འབུམ་གཉིས་བར་གཏོང་རྒྱུ་བྱས་འདུག
རྒྱ་ནག་ནང་གི་ཆོས་ཚོགས་ཁག་གི་བྱེད་སྒོའི་ཐོག་རྒྱ་གཞུང་གིས་དམ་དྲག་ཤུགས་ཆེ་རུ་གཏོང་རྒྱུའི་སྒྲིག་གཞིར་བསྐྱར་བཅོས་བྱས་པ་དེ་ནི་རྒྱ་ནག་ནང་མང་ཚོགས་ཀྱི་ཆོས་ལུགས་བྱེད་སྒོ་ཁག་གི་རྒྱ་གཞུང་གི་ཐད་ཀའི་བཏང་འཛིན་འོག་འཇོགས་རྒྱུའི་གཞི་རྒྱ་ཆེ་བའི་ཐབས་ཤེས་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་བཞིན་འདུག
རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་གཞུང་འབྲེལ་ཐོག་ནས་ངོས་འཛིན་ཡོད་པའི་ནང་ཆོས་དང་། Daoism, ཁ་ཆེ་དང་ཡེ་ཤུ་གནམ་དག་དང་གསར་མ་པ་བཅས་ཆོས་ལུགས་མི་འདྲ་བ་ལྔའི་འགོ་ཁྲིད་ཚོས་ཆོས་ལུགས་ཀྱི་ཁ་ཕྱོགས་དེ་རྒྱ་ནག་གི་རིག་གཞུང་དང་མཐུན་པ་བྱ་དགོས་རྒྱུར་མོས་མཐུན་བྱུང་ཡོད་ལུགས་རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།