རྒྱ་ནག་ཉེན་རྟོག་བཀག་ཉར་ཁང་ནང་མི་བཅོ་ལྔ་ཤི་ཡོད་པ།
འདས་པའི་ཟླ་བ་བཞིའི་རིང་ལ་རྒྱ་ནག་གི་ཉེན་རྟོག་པའི་བཀག་ཉར་འོག་གནས་བཞིན་པའི་ཉེས་ཅན་པ་མི་སྣ་བཅོ་ལྔ་བློ་བུར་དུ་འདས་གྲོང་ཕྱིན་ཡོད་པ།
-
2009-04-19 -
-
-
༄༅༎དེ་རིང་རེས་གཟའ་ཉི་མའི་ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་ཐོག་ལ་འདི་ལོའི་ཕྱི་ཟླ་བཞི་པ་བར་འདས་པའི་ཟླ་བ་བཞིའི་རིང་ལ་རྒྱ་ནག་གི་ཉེན་རྟོག་པའི་དོ་དམ་བཀག་ཉར་འོག་གནས་བཞིན་པའི་ཉེས་ཅན་པ་མི་སྣ་བཅོ་ལྔ་བློ་བུར་དུ་འདས་གྲོང་ཕྱིན་ཡོད་པ་དང་སྤྱི་ཚོགས་ཐོག་ཉེན་རྟོག་པས་གང་བྱུང་དུ་དོ་དམ་བཀག་ཉར་འོག་ཡོད་པའི་མི་ཚོར་ཉེས་རྡུང་དང་མནར་སྤྱོད་བཏང་བའི་རྐྱེན་ཡིན་པ་ངོས་འཛིན་གྱིས་རྒྱལ་ཁབ་ཀྱི་བཀག་ཉར་ཁང་གི་ལམ་ལུགས་ལ་བསྒྱུར་བཅོས་གཏོང་དགོས་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་བཀོད་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་བརྙན་འཕྲིན་ཚན་པ་སི་སི་ཊི་ལྦི་ཞེས་པའི་ཐོག་མི་དམངས་ཀྱི་བདེ་དོན་ཐོག་རྒྱབ་སྐྱོར་བྱེད་མཁན་གྱི་ཁྲིམས་རྩོད་པས་རྒྱ་ནག་གི་ཞིང་ཆེན་བཅུ་གཉིས་ནང་ཉེས་ཅན་པ་འཕྲལ་སེལ་བཀག་ཉར་བྱེད་ཡུལ་ཁང་དུ་རྒྱུན་ལྡན་མ་ཡིན་པར་མི་འདས་གྲོང་དུ་ཕྱིན་པའི་དོན་རྐྱེན་བྱུང་ཡོད་པའི་སྐོར་བཤད་ཡོད་པ་དང་ཁྲིམས་རྩོད་པ་དེ་དག་གིས་ཉེས་ཅན་པ་བློ་བུར་བཀག་ཉར་ཁང་དུ་འདས་གྲོང་དུ་འགྲོ་བའི་འབྱུང་རྩ་གཙོ་བོ་ནི་སྤྱི་དམངས་བདེ་འཇགས་ཚན་པས་བཀག་ཉར་ཁང་དེ་དག་ཐོག་བལྟ་རྟོགས་ནན་པོ་མ་བྱས་པར་ལས་དོན་འཐུས་ཞོར་ཕྱིན་པར་བརྟེན་ནས་བྱུང་བ་ཡིན་པའི་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། པེ་ཅིང་དུ་དུས་དེབ་ཅེས་པའི་གསར་ཤོག་ཐོག་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་རྒྱལ་ཡོངས་ཀྱི་དོ་དམ་བཀག་ཉར་ཁང་དུ་ད་བར་ཁྱོན་མི་བཅོ་ལྔ་རྐྱེན་ལམ་དུ་ཕྱིན་པ་དང་དེའི་ནང་ནས་མི་བདུན་ཉེན་རྟོག་པས་ཉེས་རྡུང་བཏང་བའི་འོག་འདས་གྲོང་ཕྱིན་པ། མི་གཉིས་དོན་རྐྱེན་གཞན་དག་འོག་རྐྱེན་ལམ་དུ་ཕྱིན་པ།མི་གསུམ་གྱིས་རང་སྲོག་བཅད་པ།དེ་མིན་གྱི་མི་གསུམ་རྐྱེན་ལམ་དུ་ཕྱིན་པའི་དོན་རྐྱེན་ཐད་ད་ལྟ་འཚོལ་ཞིབ་བྱེད་བཞིན་ཡོད་པའི་སྐོར་བཀོད་ཡོད་པ་རེད། ཉེ་ཆར་ཕྱི་ཟླ་གསུམ་པའི་ནང་རྒྱ་ནག་གཞུང་འབྲེལ་ཉིན་རེའི་གསར་ཤོག་ཅེས་པའི་ཐོག་ལ་རྒྱ་ནག་རྒྱལ་ཡོངས་སུ་ཡོད་པའི་ཉེས་ཅན་པ་འཕྲལ་སེལ་བཀག་ཉར་བྱེད་ཡུལ་ཁག་ཉིས་སྟོང་བདུན་བརྒྱ་ཡོད་པ་དེ་དག་ཐོག་བལྟ་རྟོགས་དང་ཞིབ་འཇུག་བྱེད་མཁན་གྱི་བར་གནས་ཚན་པ་ཞིག་གསར་འཛུགས་བྱས་ཏེ་དོན་རྐྱེན་དེ་དག་ཐོག་ཞིབ་འཇུག་གི་ལས་འགན་གཙོ་བོ་འཁུར་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད། ཁྲིམས་རྩོད་པས་གསར་ཤོག་ཐོག་ལ་ཁྲིམས་རྩོད་པ་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་གཉིས་བཟུང་འབྲེལ་གྱིས་རྒྱ་ནག་ནང་གི་བཀག་ཉར་ཁང་གི་ལམ་ལུགས་ཐོག་ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་ནས་ཕྱི་ཟླ་དྲུག་པའི་ཚེས་སུམ་ཅུ་བར་རྟོགས་ཞིབ་ཀྱི་ལས་དོན་སྤེལ་རྒྱུའི་འཆར་གཞི་ཡོད་པའི་སྐོར་གསལ་བསྒྲགས་བྱས་ཡོད་པ་རེད།།