རྒྱ་ནག་མི་མང་འཐུས་ཚོགས་འགོ་ཚུགས།
རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དེ་བཞིན་དེ་རིང་ནས་འགོ་འཛུགས་བྱས་འདུག།
-
2012-03-05 -
-
-
༄༅༎ལོ་འདིའི་ནང་རྒྱ་ནག་གི་ཆབ་སྲིད་འགོ་ཁྲིད་ལ་འགྱུར་བ་འགྲོ་རྒྱུ་ཡིན་པའི་གོང་དེར། རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་དེ་བཞིན་དེ་རིང་ནས་འགོ་འཛུགས་བྱས་འདུག།
པེ་ཅིང་མི་མང་ཚོགས་ཁང་ཆེན་མོའི་ནང་ཉིན་གྲངས་བཅུའི་རིང་ཚུགས་རྒྱུའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་འགོ་འཛུགས་ཀྱི་གཏམ་བཤད་དེ་རྒྱ་ནག་གི་སྲིད་བློན་ ཝེན་ཅ་པའོ་ཡིས་བྱས་ཡོད་པ་དང༌། ཁོང་གི་གཏམ་བཤད་ནང་ཕྱི་ལོ་༢༠༡༢ལོར་རྒྱ་ནག་གཞུང་གིས་གལ་ཆེར་རྩིས་སའི་ལས་དོན་ཁག་ངོ་སྤྲོད་བྱ་རྒྱུ་ཡིན་པ་དང༌། ལྦེན་ཅ་པའོ་ཡིས་ལོ་འདིའི་རྒྱ་ནག་རྒྱལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་ཚད་གཞི་དེ་བརྒྱ་ཆ་༧དང་གྲངས་ཆུང་༥ལ་གཏན་འབེབས་བྱ་རྒྱུ་ཡིན་པ་དེ་ནི། ལོ་སྔོན་མའོ་དཔལ་འབྱོར་འཕེལ་རྒྱས་ཚད་གཞི་བརྒྱ་ཆ་༨ལས་ཉུང་བ་ཡོད་པ་རེད། རྒྱ་ནག་གི་ས་ཕྱོགས་གང་ས་ནས་འཐུས་མི་༣༠༠༠ལྷག་མཉམ་ཞུགས་བྱས་པའི་རྒྱ་ནག་མི་མང་འཐུས་མི་ཚོགས་ཆེན་སར་སྤྱིའི་མི་འབོར་ཐེར་འབུམ་གཅིག་དང་དུང་ཕྱུར་གསུམ་ཡོད་པའི་རྒྱ་ནག་རྒྱལ་ཁབ་ནང་ལས་བཟོ་པ་མི་འདེངས་བའི་དཀའ་ངལ་སྐོར་གྲོས་མོལ་བྱ་རྒྱུ་ཡིན་པ་དང༌། ད་ལྟའི་དུས་སྐབས་འདིར་རྒྱ་ནག་ནང་དབུལ་ཕྱུག་དབར་གྱི་ཁྱད་པར་དེ་ལོ་རེ་ནས་ལོ་རེ་ཆེ་རུ་འགྲོ་གི་ཡོད་པ་དེ་རྒྱ་ནག་གི་དཀའ་ངལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་པ་རེད།
དེང་སྐབས་བོད་ནང་རྒྱ་ནག་གི་དབང་སྒྱུར་ལ་འདོད་པ་མེད་པའི་ངོ་རྒོལ་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པ་དང༌། ཤར་ཏུར་ཀིསི་ཐན་ནམ་རྒྱ་ནག་གིས་ཤིན་ཅང་ཞེས་འབོད་པའི་མངའ་ཁུལ་ནང་ཁ་ཆེ་གཡུ་གུར་མི་རིགས་ཚོས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེ་བྱེད་བཞིན་ཡོད་པའི་གནད་དོན་ཀྱི་རྐྱེན་པས་རྒྱ་ནག་སྤྱི་ཡོངས་ཀྱི་སྤྱི་ཚོགས་བརྟན་ལྷིང་ཐོག་དམ་འཛིན་བྱ་རྒྱུ་གལ་ཆེ་ཡིན་སྐོར་ སྲིད་བློན་ལྦེན་ཅ་པའོ་ཡིས་ རྒྱ་ནག་མི་མང་འཐུས་མི་མི་ཚོགས་ཆེན་གྱི་འགོ་འཛུགས་གཏམ་བཤད་ནང་འགྲེལ་བརྗོད་བྱེད་སྲིད་པའི་གནས་ཚུལ་འདུག།