རྒྱ་ནག་ཏུ་མཐོ་རིམ་སློབ་གྲྭ་ཐོན་མཁན་ཁག་དམག་མིར་བསྡུ་འཆར།

རྒྱ་ནག་གཞུང་གིས་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ཆེས་མི་ཉུང་བ་ཞིག་དམག་མི་གསར་པའི་ཁོངས་སུ་བསྡུ་སྐོང་བྱ་རྒྱུའི་གནས་ཚུལ་སྤེལ་ཡོད་པ།

༄༅༎དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ལ་ཕྱི་ལོ་ཉིས་སྟོང་དགུ་ནང་རྒྱ་ནག་གཞུང་གིས་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ཆེས་མི་ཉུང་བ་ཞིག་དམག་མི་གསར་པའི་ཁོངས་སུ་བསྡུ་སྐོང་བྱ་རྒྱུའི་གནས་ཚུལ་སྤེལ་ཡོད་པ་རེད།

དེ་ཡང་རྒྱ་ནག་གི་དམག་མིའི་གནས་ཚུལ་འབྱུང་ཁུངས་ཤིག་ནས་ཤེས་རྟོགས་བྱུང་བར་གཞིགས་ན་འདི་ལོ་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་མ་ཆིག་འབུམ་གཉིས་ཁྲི་ལྷག་བསྡུ་སྐོང་བྱ་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་དང་ད་དུང་རྒྱ་ནག་གི་ཤེས་ཡོན་ལྷན་ཁང་གི་འཕྲིན་གཏོང་དྲ་རྒྱའི་ཐོག་ལ་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་ཕྲུག་གི་གྲངས་འབོར་དེ་ལྟ་བུ་དམག་མི་གསར་པའི་ཁོངས་སུ་བསྡུ་བསྐོང་བྱ་རྒྱུ་དེ་ནི་སློབ་ཕྲུག་དེ་དག་ལ་ལས་ཀའི་རོགས་རམ་བྱས་པ་ཞིག་ཡིན་པ་དང་དེ་ཡང་རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་གིས་མཐོ་རིམ་སློབ་གྲྭ་ཐོན་པའི་སློབ་ཕྲུག་གྲངས་ཀ་མང་པོ་དེ་ལྟ་བུ་བསྡུ་བསྐོང་བྱས་པ་ཐེངས་དང་པོ་ཡིན་པའི་སྐོར་དང་དམག་མིའི་ཁོངས་སུ་འཛུལ་ཞུགས་བྱ་རྒྱུ་དེ་ནི་མདུན་ལམ་བཟང་པོ་ཡོད་པ་ཞིག་དང་རྣམ་དཔྱོད་དང་རིག་རྩལ།ཚན་རིག།འཕྲུལ་རིག་སོགས་གོང་འཕེལ་གཏོང་ཡུལ་གྱི་ལས་གནས་ཤིག་ཡིན་པའི་སྐོར་བཀོད་ཡོད་པ་རེད།

ད་དུང་དམག་མིའི་ཁོངས་སུ་བསྡུ་སྐོང་བྱས་པའི་སློབ་ཕྲུག་ཚོར་སློབ་གྲྭ་འགྲིམས་པའི་རིང་ལ་སློབ་ཡོན་དང་སློབ་ཡོན་བུ་ལོན་གཡར་པོ་བྱས་པ་རྣམས་སྤྲོད་འཇལ་ཐུབ་པའི་གུན་གསབ་རྒྱ་མིའི་སྒོར་མོ་ཉེས་ཁྲི་བཞི་སྟོང་སྤྲོད་རྒྱུ་ཡིན་པ་དང་མ་འོངས་པར་དམག་མིའི་ནང་གོ་གནས་ཐོབ་རྒྱུ་དང་ཡང་ན་དམག་མིའི་ལས་དུས་རྫོགས་ཏེ་རྒས་ཡོལ་དུ་ཕྱིན་པའི་རྗེས་སྤྱི་ཚོགས་ཐོག་ལས་ཀ་ཐོབ་རྒྱུའི་གོ་སྐབས་སྐྲུན་རྒྱུའི་ཆ་རྐྱེན་སྤྲོད་ཀྱི་ཡོད་པའི་སྐོར་བཀོད་ཡོད་པ་རེད། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་མིས་སྤྱིར་བཏང་གིས་དམག་མི་གསར་པ་བསྡུ་སྐོང་བྱེད་པ་མང་ཆེ་བ་ནི་བུ་ལོ་ན་བཅོ་བརྒྱད་ནས་ཉི་ཤུ་བར་དང་བེུད་ལོ་བཅོ་བརྒྱད་ནས་བཅུ་དགུ་བར་ཡིན་ཞིང་ཡིན་ནའང་ཤེས་ཡོན་གྱི་གནས་ཚད་ལ་གཞིགས་པའི་དམག་མི་བསྡུ་བསྐོང་བྱེད་པའི་ལོ་ཚད་རིང་དུ་གཏོང་སྲོལ་ཡོད་ཅིང་དཔེར་ན་ལོ་ན་གཞོན་སྐྱེས་གང་ཞིག་ལ་ཤེས་ཡོན་གྱི་སློབ་ཐོན་ལག་འཁྱེར་མཐོ་པོ་ཡོད་མཁན་ལ་ལོ་ཉི་ཤུ་རྩ་གསུམ་བར་བསྡུ་སྐོང་བྱེད་པ་དང་དེ་བཞིན་གལ་ཏེ་མཐོ་རིམ་སློབ་གྲྭ་ཐོན་པའི་ལག་འཁྱེར་ཡོད་མཁན་ལ་ལོ་ཉི་ཤུ་རྩ་བཞི་བར་བསྡུ་བསྐོང་བྱེད་པའི་ལམ་སྲོལ་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org