རྒྱ་ནག་གི་སྲིད་འཛིན་གཞོན་པས་ཨ་རིར་ཉེན་བརྡ།
ཞིའི་ཅིན་ཕིང་ཡིས་ཨ་མི་རི་ཀས་ཨེ་ཤི་ཡའི་ནང་དམག་དོན་གྱི་ནུས་ཤུགས་ཇི་ཆེར་གཏོང་རྒྱུའི་འཆར་གཞི་བཏིང་ན་འགྲིག་རྒྱུ་མིན་པའི་ཉེན་བརྡ།
-
2012-02-13 -
-
-
༄༅༎དེ་རིང་ཨ་རིའི་ནང་གཞུང་དོན་ལྟ་སྐོར་འགོ་འཛུགས་མ་བྱས་གོང༌། རྒྱ་ནག་གི་སྲིད་འཛིན་གཞོན་པ་ ཞིའི་ཅིན་ཕིང་ཡིས་ ཨ་མི་རི་ཀས་ཨེ་ཤི་ཡའི་ནང་དམག་དོན་གྱི་ནུས་ཤུགས་ཇི་ཆེར་གཏོང་རྒྱུའི་འཆར་གཞི་བཏིང་ན་འགྲིག་རྒྱུ་མིན་པའི་ཉེན་བརྡ་བཏང་འདུག།
ཨ་རིའི་གསར་ཤོག་ལྦ་ཤིང་ཀྲོན་ཕོ་ཉ་གིས་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་ལ་ཡིག་ཐོག་ནས་བཅར་འདྲི་བྱས་པའི་ལན་དུ། ཞིའི་ཅིན་ཕིང་ཡིས་ ཞི་བདེ་རྒྱ་མཚོའི་མངའ་ཁུལ་ནང་རྒྱ་ནག་དང་ཨ་མི་རི་ཀ་གཉིས་ཀར་ས་ཆའི་གོ་ཡུལ་མང་པོ་ཡོད་ནའང༌། ཨེ་ཤི་ཡའི་རྒྱལ་ཁབ་ཚོས་དཔལ་འབྱོར་ཡར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་གནད་དོན་ཨང་དང་པོར་རྩིས་ཀྱི་ཡོད་སྐོར་བརྗོད་དེ་ མང་ཚོགས་ཀྱིས་ཞི་བདེ་དང་གནས་སྟངས་སྲ་བརྟན།འཛུགས་བསྐྲུན་ཡར་རྒྱས་ལ་འདུན་པ་ཆེན་པོ་བྱེད་བཞིན་པའི་དུས་ཚོད་དེ་འདྲའི་སྐབས་སུ་ ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཡུལ་ཁག་ཚོས་ ཁུལ་དེའི་ནང་དམག་དོན་བདེ་འཇགས་ཀྱི་འཆར་གཞི་དང༌། དཔུང་དམག་འགྲེམས་འཇོག་། དམག་དོན་གྱི་འབྲེལ་ལམ་ནུས་ཤུགས་ཆེ་རུ་གཏོང་རྒྱུའི་ལས་དོན་གོང་འཕེལ་ཡོང་བའི་རེ་བ་བྱེད་ཀྱི་མེད་སྐོར་ཞིའི་ཅིན་ཕིང་གིས་བརྗོད་བཞག།
ཡང་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིའི་ཅིན་ཕིང་ཡིས་ ཨ་མི་རི་ཀས་ཞི་བདེ་རྒྱ་མཚོའི་ཁུལ་དུ་ཞི་བདེ་དང་བདེ་འཇགས་སྲ་བརྟན་གོང་འཕེལ་དང༌། བདེ་སྐྱིད་འགན་སྲུང་གནང་རྒྱུའི་འགན་ཁུར་བཞེས་ཀྱི་ཡོད་པར་རྒྱ་ནག་གིས་དགའ་བསུ་ཞུ་གི་ཡོད། ཡིན་ནའང་ཨ་མི་རི་ཀས་ ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཚོའི་ཁེ་ཕན་ཆེ་ཁག་དང་ཁྲིམས་མཐུན་གྱི་བློ་འཚབ་ཁག་ལ་གུས་བརྩི་དང་བསམ་ཤེས་གནང་བའི་རེ་བ་ང་ཚོས་ཞུ་གི་ཡོད་ཅེས་ཨ་རིའི་ལྦ་ཤིང་ཀྲོན་ཕོ་ཉ་གསར་ཤོག་ནང་འགྲེལ་བརྗོད་བྱས་བཞག།