ཟླ་བ་རྗེས་མར་༸གོང་ས་མཆོག་ཕེ་རན་སིར་ཆིབས་བསྒྱུར་སྐོར།
༸གོང་ས་མཆོག་གི་ཆིབས་བསྒྱུར་དེས་རྒྱ་ནག་དང་ཕེ་རན་སིའི་དབར་གྱི་འབྲེལ་ལམ་ལ་གནོད་ཚབས་གཏོང་རྒྱུ་ཡིན་ལུགས་རྒྱ་ནག་གི་ཉེན་བརྡ།
-
2009-05-05 -
-
-
༄༅༎བོད་ཀྱི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མ་ཕེ་རན་སི་ཡུལ་དུ་ཆིབས་བསྒྱུར་བསྐྱངས་རྒྱུ་དེས་རྒྱ་ནག་དང་ཕེ་རན་སིའི་དབར་གྱི་ཡར་རྒྱས་འགྲོ་བཞིན་པའི་འབྲེལ་ལམ་ལ་གནོད་ཚབས་གཏོང་རྒྱུ་ཡིན་ལུགས་རྒྱ་ནག་ཕྱོགས་ནས་བསྐྱར་དུ་ཉེན་བརྡ་བཏང་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་འབྲེལ་མི་མང་ཉིན་རེའི་ཚགས་ཤོག་ཐོག་རྒྱ་ནག་གི་གནད་དོན་དང་དབྱེ་ཞིབ་པའི་སྐད་ཆ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་ཡོད་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མ་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུ་ཡིན་པ་དང་དེའི་སྐབས་ཕེ་རན་སིའི་རྒྱལ་ས་པེ་རི་སིའི་གྲོང་ཁྱེར་གྱི་མི་སེར་ཡིན་པའི་ཆེ་ཐོངས་ཀྱི་ཕྱག་ཁྱེར་འབུལ་སྲིད་པར་བརྟེན་དེས་རྐྱེན་པས་ཕེ་རན་སི་དང་རྒྱ་ནག་དབར་གྱི་འབྲེལ་ལམ་རྒྱུན་ལྡན་ཅན་དུ་བསྐྱོད་ནས་དུས་ཡུན་རིང་པོ་འགྲོ་གི་མེད་པ་དེར་སླར་ཡང་གནོད་ཚབས་ཡོང་སྲིད་པའི་སྐོར་རྒྱ་ནག་སྤྱི་ཚོགས་ཚན་རིག་ཁང་གི་གནད་དོན་དབྱེ་ཞིབ་པ་ཀྲའོ་ཅུན་ཇལ་གྱིས་བཤད་ཡོད་པ་རེད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་དྲུག་པའི་ཚེས་དྲུག་ནས་བརྒྱད་བར་ཕེ་རན་སིའི་ནང་ཆིབས་བསྒྱུར་བསྐྱངས་རྒྱུའི་མཛད་འཆར་ཡོད་པ་དང་མཛད་འཆར་དེ་བཞིན་༸གོང་ས་མཆོག་ཡོ་རོབ་ཡུལ་གྲུ་གྲན་མག་དང་ཨའེ་སི་ལེནདྲ།ནེ་ཐར་ལེནདྲ་ནང་ཆིབས་བསྒྱུར་གནང་རྒྱུའི་ཆ་ཤས་ཤིག་ཡིན་པ་རེད། ཕེ་རན་སིའི་རྒྱལ་ས་པེ་རི་སི་གྲོང་ཁྱེར་གྲོས་ཚོགས་ནས་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་ཕྱི་ཟླ་བཞི་པའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་གྲོང་ཁྱེར་དེའི་དམིགས་བསལ་གྲོང་མིའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་རྒྱུའི་ཐག་གཅོད་བྱུང་ཡོད་པ་རེད།