ཨ་རི་དང་རྒྱ་ནག་གི་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་གཏམ་བཤད།
རེས་གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་གཏམ་བཤད་བྱས་ཡོད་པ་རེད།
-
2010-03-30 -
-
-
༄༅༎གཟའ་མིག་དམར་ཉིན་རྒྱ་ནག་གཞུང་གིས་ཨ་མི་རི་ཀ་དང་འབྲེལ་ལམ་བཟང་དུ་གཏོང་རྒྱུའི་གཏམ་བཤད་བྱས་ཡོད་པར་མ་ཟད་ཨ་མི་རི་ཀའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་གིས་ཨ་མི་རི་ཀའི་ནང་གི་རྒྱ་ནག་གི་གཞུང་ཚབ་གསར་པ་དང་མཇལ་འཕྲད་གནང་པའི་སྐབས་བཟང་ཕྱོགས་ཀྱི་བཀའ་མོལ་གནང་པར་དགའ་བསུ་ཡང་ཞུས་འདུག།
སྲིད་འཛིན་ཨོ་སྦ་མ་དང་ཨ་རིའི་ཕྱི་སྲིད་དྲུང་ཆེ་གཞོན་པ་ཇེམ་སི་སི་ཀྲའེན་སྦག་རྣམ་གཉིས་ནས་ཨ་མི་རི་ཀའི་ནང་གི་རྒྱ་ནག་གི་གཞུང་ཚབ་གསར་པ་ཀྲང་ཡེ་སུཡི་དང་གཟའ་ཟླ་བའི་ཉིན་མཇལ་འཕྲད་གནང་ཞིང༌། ཨ་མི་རི་ཀའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་རོ་སྦ་ཀྲི་གིབ་སི་གྱི་མཚན་ཐོག་ནས་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་སྲིད་འཛིན་ཨོ་སྦ་མ་མཆོག་ནས་ཀྱང་ཆེས་གནད་འགག་ཆེ་བའི་རྡུལ་ཕྲན་མཚོན་ཆ་ཁྱབ་གདལ་བཀག་སྡོམ་དང་གོ་ལའི་དཔལ་འབྱོར་འཕེལ་རྒྱས་ཆ་སྙོམས་འབྱུང་ཐབས་སོགས་ཀྱི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལས་དོན་ཁག་ལ་ཨ་མི་རི་ཀ་དང་རྒྱ་ནག་མཉམ་འབྲེལ་དགོས་ངེས་ཆེ་བའི་སྐོར་ནན་བརྗོད་གནང་ཡོད་པ་རེད་ཅེས་བཀོད་འདུག།
འདི་ལོ་ལོ་འགོ་ནས་བཟུང་ཨ་མི་རི་ཀས་རྒྱ་ནག་ནང་གི་ཨིན་ཊར་དྲ་རྒྱའི་རང་དབང་གི་གནད་དོན་ལ་སྐྱོན་བརྗོད་གནང་པ་དང༌། ཐའེ་ལྦན་ལ་གོ་མཚོན་ཚོང་བསྒྱུར་གནང་པ་དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དང་ཨ་མི་རི་ཀའི་སྲིད་འཛིན་མཇལ་འཕྲད་གནང་པ་ལ་སོགས་པའི་གནད་དོན་གྱིས་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་ཕྱིན་ཏེ་རྒྱ་ནག་གི་ངོས་ནས་ཨ་མི་རི་ཀར་སྐྱོན་བརྗོད་ཀྱི་གཏམ་བཤད་ཤུགས་ཆེ་སྤེལ་ཡོད་པ་རེད།
ད་ཆ་ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀའི་ངོས་ནས་འབྲེལ་ལམ་ཇེ་སྡུག་ཏུ་མི་འགྲོ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་དང་གཟའ་མིག་དམར་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ཉེ་བའི་དུས་ཡུན་གྱི་ནང་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་ལ་བར་ཆད་བྱུང་བ་དང་དེ་ནི་ཡུལ་གྲུ་གཉིས་ཀ་གང་རུང་གི་ཁེ་ཕན་འགྲུབ་རྒྱུར་ཕན་ཐོགས་མེད་པ་ཞིག་རེད་ཅེས་དང་དེ་ལས་ལྡོག་སྟེ་རྒྱ་ནག་དང་ཨ་མི་རི་ཀའི་འབྲེལ་ལམ་བཟང་པོ་ཞིག་འབྱུང་རྒྱུ་ནི་རྒྱལ་ཁབ་གཉིས་དང་དེའི་མི་དམངས་ལ་ཕན་ཐོགས་འབྱུང་རྒྱུ་མ་ཟད་འཛམ་གླིང་སྤྱི་དང་དེ་བཞིན་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ཞི་བདེ་དང་བརྟན་ལྷིངས་འབྱུང་རྒྱུར་ཡང་ཕན་ཐོགས་ཡོད་པ་ཞིག་རེད་ཅེས་བརྗོད་འདུག།