ཀིར་ཏི་དགོན་པའི་ཐོག་དམ་བསྒྲགས་བྱེད་མུས་ཡིན་པ་རེད།
རྒྱ་མིའི་ཉེན་རྟོག་པས་བོད་ཀྱི་ཨ་མདོ་རྔ་པ་ཀིར་ཏི་དགོན་པའི་དགེ་འདུན་པ་ལྔ་བཅུར་ཉེས་རྡུང་བཏང་སྟེ་དགེ་འདུན་པ་བཞི་སྨན་ཁང་དུ་བསྐྱལ་འདུག
-
2008-09-26 -
-
-
༄༅༎རྒྱ་མིའི་ཉེན་རྟོག་པས་བོད་ཀྱི་ཨ་མདོ་རྔ་པ་ཀིར་ཏི་དགོན་པའི་དགེ་འདུན་པ་གཅིག་ལ་ཉེས་རྡུང་ཚབས་ཆེ་བཏང་བའི་སྐོར་དགེ་འདུན་པ་ཁག་ཅིག་གིས་ཉེན་རྟོག་ལས་ཁང་དུ་ཞུ་གཏུགས་བྱེད་པར་བསྐྱོད་པའི་སྐབས་སླར་ཡང་ཉེན་རྟོག་པས་ཞུ་གཏུགས་བྱེད་མཁན་གྱི་དགེ་འདུན་པ་ལྔ་བཅུར་ཉེས་རྡུང་བཏང་སྟེ་དགེ་འདུན་པ་བཞི་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པའི་སྐོར་བོད་རང་དབང་ལས་འགུལ་ཚོགས་པར་བོད་ནས་གནས་ཚུལ་ཁུངས་ལྡན་འབྱོར་ཡོད་པ་རེད།
དེ་ཡང་རྔ་པ་ས་ཁུལ་ནང་གནས་སྡོད་བྱེད་མཁན་ཞིག་གིས་གནས་ཚུལ་ངོ་སྤྲོད་གནང་བར་གཞིགས་ན། ཟླ་བ་འདིའི་ཕྱི་ཚེས་ཉི་ཤུ་བཞི་ཉིན་སྔ་དྲོ་རྔ་པ་ཀིར་ཏི་དགོན་པའི་དགེ་འདུན་པ་གཅིག་གིས་དགོན་པའི་འབྲེལ་ཡོད་ལ་བཀའ་ཁྲོལ་ཞུས་ཏེ་དགོན་པ་ནས་ཕྱི་ལོག་ཏུ་ཕྱིན་ཏེ་དགོང་དྲོ་ཕྱི་པོ་མ་ཆགས་གོང་ཙམ་ལ་དགོན་པར་ཕྱིར་ལོག་བྱེད་པའི་ལམ་བར་རྒྱ་མིའི་དྲག་ཆས་ཉེན་རྟོག་པས་གློ་བུར་ཏུ་བཀག་ཏེ་ཧ་ཅང་གི་ཉེས་རྡུང་བཏང་བར་བརྟེན་དགོན་པར་ཕྱིར་ལོག་ཡོང་བའི་སྐབས་ལུས་པོ་ཁགྲ་རལ་ཆགས་པའི་ཉེས་རྡུང་བཏང་བའི་གནས་ཚུལ་དེ་དགེ་འདུན་པ་གཞན་ཚོས་མཐོང་བའི་སྐབས་དགེ་འདུན་པ་ལྔ་བཅུ་ཐམ་པ་ཉེན་རྟོག་ལས་ཁུངས་སུ་དགེ་འདུན་པ་དེར་ཉེས་རྡུང་གཏོང་དགོས་པའི་རྒྱུ་མཚན་ཇི་ཡིན་གསལ་བཤད་དགོས་པའི་ཞུ་གཏུགས་བྱེད་དུ་བསྐྱོད་པའི་སྐབས་ཁོང་རྣམས་ལའང་ཉེས་རྡུང་ཚབས་ཆེ་བཏང་ཡོད་པ་རེད། རྩ་བའི་རྔ་པ་ས་ཁུལ་དེའི་ནང་ཁ་སྔོན་ཕྱི་ཟླ་གསུམ་པའི་ཚེས་བཅུ་དྲུག་ནས་དམ་བསྒྲགས་ཤུགས་ཆེ་བྱེད་མུས་ཡིན་པ་མ་ཟད་། སྐབས་དེའི་བོད་མི་ཞི་བའི་རྔམ་སྟོན་གྱི་ལས་འགུལ་སྤེལ་མཁན་གྱི་མི་ཚོགས་ཁྲོད་རྒྱ་མིའི་ཉེན་རྟོག་པས་མེ་མདའ་རྒྱབ་ཏེ་མི་སུམ་ཅུ་ལྷག་རྐྱེན་ལམ་བཏང་བའི་གནས་ཚུལ་ཡོད་མུས་ལ་ད་ཆ་ཀིར་ཏི་དགོན་པའི་ཐོག་རྒྱ་ནག་གཞུང་གིས་སླར་ཡང་དམ་བསྒྲགས་བྱེད་བཞིན་པར་བརྟེན་ཐོག་མར་ཉེན་རྟོག་པས་ཉེས་རྡུང་གཏོང་ཡུལ་གྱི་དགེ་འདུན་པ་གཅིག་དེའི་མིང་ལ་ག་རེ་ཞུ་གི་ཡོད་མེད་དང་སྨན་ཁང་དུ་བསྐྱལ་བའི་དགེ་འདུན་པ་བཞི་པོའི་གནས་སྟངས་གང་འདྲ་ཡོད་མེད་སྐོར་ཀིར་ཏི་དགོན་པར་འདྲི་རྩད་བྱ་རྒྱུ་ཧ་ཅང་གི་དཀའ་ཚེགས་ཆེན་པོར་གྱུར་ཡོད་པ་རེད།