རྒྱ་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་གྱིས་གསལ་བསྒྲགས་སྐོར།
རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱ་མི་རིགས་ཤིག་གིས་སྐྱོན་བརྗོད་ཀྱི་གསལ་བསྒྲགས་ཤིག་སྤེལ་ཡོད་འདུག
-
2008-08-08 -
-
-
༄༅༎རྒྱ་ནག་ཏུ་ཨོ་ལིམ་པིག་རྩེད་འགྲན་གྱི་སྒོ་འབྱེད་མཛད་སྒོ་ཚུགས་པའི་སྔ་ནུབ་ཏུ་རྒྱལ་སྤྱིའི་ནང་རྒྱ་ནག་གཞུང་ལ་ཞི་བའི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་བ་བཞིན་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་གྱི་རྒྱ་མི་རིགས་ཤིག་གིས་སྐྱོན་བརྗོད་ཀྱི་གསལ་བསྒྲགས་ཤིག་སྤེལ་བ་མ་ཟད། རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་ཚོགས་པའི་ཚོགས་གཙོ་ ཇའག་རོ་གེ་ རྒྱ་ནག་ཏུ་ཕེབས་པའི་དུས་སྐབས་དང་བསྟུན་པེ་ཅིང་གི་བཙོན་ཁང་ཨང་གཉིས་པའི་ནང་གཟིགས་སྐོར་དུ་ཕེབས་ཏེ་ཆབ་སྲིད་བཙོན་པ་རྣམས་དང་ཐུག་འཕྲད་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད།
རྒྱ་མི་རིགས་དམངས་གཙོ་དོན་གཉེར་ཅན་ ཧེ་ཏེ་ཕུ་ ནི་དེ་སྔ་ཕྱི་ལོ་༡༩༧༩ ལོའི་དམངས་གཙོའི་གྱང་ཞེས་པའི་ལས་འགུལ་ནང་ཞུགས་པ་དང་དེ་རྗེས་ཕྱི་ལོ་༡༩༨༩ ལོའི་རྒྱ་ནག་གི་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་ནང་མཉམ་ཞུགས་བྱེད་མྱོང་ཡོད་པ་མ་ཟད། རྒྱ་ནག་གི་དམངས་གཙོ་ཚོགས་པ་ཞེས་པའི་གསར་འཛུགས་བྱེད་རྒྱུ་རོགས་རམ་བྱས་ཡོད་ཅིང༌། ཕྱི་ལོ་༢༠༠༢ ལོར་ཁོང་ལ་རྒྱ་ནག་གཞུང་གིས་སྲིད་དབང་མགོ་རྟིག་སློག་ཐབས་བྱེད་མཁན་གྱི་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་མི་ལོ་བརྒྱད་བཙོན་འཇུག་བྱས་ཡོད་པ་རེད། ཁོང་གི་འབོད་སྐུལ་གྱི་གསལ་བསྒྲགས་དེའི་ནང་རྒྱ་ནག་ནང་གི་ཆབ་སྲིད་བཙོན་པ་ཚོས་རྒྱལ་སྤྱིའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཚོགས་གཙོ་ཆབ་སྲིད་བཙོན་པ་ཚོའི་ཡ་ང་བའི་གནས་སྟངས་ལ་གཟིགས་རྟོགས་གནང་བར་བཙོན་ཁང་དུ་གཟིགས་སྐོར་དུ་ཕེབས་རྒྱུར་གདན་ཞུ་བྱས་ཡོད། ང་ཚོས་འགྲོ་བ་མིའི་ཐོབ་ཐང་ཆ་ཚང་བ་ཞིག་དགོས་པའི་དགོས་འདུན་བཏོན་གྱི་མེད་ཅིང༌། ང་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཕྲན་བུ་ཞིག་ཡོང་བའི་འབོད་སྐུལ་ཞུ་གི་ཡོད་ཅེས་བྲིས་ཡོད་པ་རེད།