རྒྱ་ནག་གི་ཡེ་ཤུའི་ཚོགས་པ་ཞིག་གིས་ཁྲིམས་གཏུགས་བྱས་སྐོར།
རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་ལ་དད་ཞེན་བྱེད་མཁན་གྱི་ཚོགས་པ་ཞིག་གིས་རྒྱ་ནག་ཆོས་དོན་ལས་ཁུངས་ལ་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་རེད།
-
2008-09-19 -
-
-
༄༅༎རྒྱ་ནག་ནང་ཡེ་ཤུའི་ཆོས་ལུགས་ལ་དད་ཞེན་བྱེད་མཁན་གྱི་ཚོགས་པ་ཞིག་གིས་ཁོང་ཚོའི་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུར་རྒྱ་ནག་ཆོས་དོན་ལས་ཁུངས་ནས་བཀག་སྡོམ་བྱས་པར་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་རེད།
དེ་ཡང་རྒྱ་ནག་ཟི་ཁྲོན་ཞིང་ཆེན་དུ་ཡོད་པའི་ཆི་ཡུའུ་ཡེ་ཤུའི་ཆོས་ཚོགས་ཞེས་པ་དེ་བཞིན་གཞུང་ཕྱོགས་ཀྱིས་ཁས་ལེན་མེད་པའི་ཡེ་ཤུའི་ཆོས་ལུགས་ཚོགས་པ་ཞིག་ཡིན་པ་དང༌། རྒྱུན་ལྡན་ཚོགས་པ་དེས་གྲན་ཏུའུ་གྲོང་ཁྱེར་གྱི་ཆོས་ཚོགས་ནང་ཆོས་ལུགས་ཀྱི་བྱེད་སྒོ་ཁག་སྤེལ་རྒྱུར་ས་གནས་ཆོས་དོན་ལས་ཁུངས་ཀྱིས་འགོག་རྐྱེན་མེད་པ་དང༌། ཡིན་ནའི་ད་ལོ་ཕྱི་ཟླ་ལྔ་པའི་ནང་ཚོགས་པ་དེའི་ཆོས་དད་པ་ཚོས་ཟི་ཁྲོན་ཞིང་ཆེན་ཧྲོང་ལིའུ་ས་གནས་ཀྱི་མགྲོན་ཁང་ཞིག་ནང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བའི་སྐབས། ས་གནས་ཆོས་དོན་ལས་ཁང་གིས་ཁོང་ཚོའི་ཆོས་ལུགས་བྱེད་སྒོ་བཀག་སྡོམ་བྱས་ཡོད་པར་བརྟེན། ཡེ་ཤུའི་ཆོས་ཚོགས་དེས་ལུགས་མཐུན་གྱི་ཆོས་ལུགས་བྱེད་སྒོ་སྤེལ་རྒྱུར་ཟི་ཁྲོན་ས་གནས་ཆོས་དོན་ལས་ཁང་གིས་བཀག་སྡོམ་བྱས་པ་དེ་ནི་རྒྱ་ནག་གི་ཆོས་དད་རང་དབང་གི་འབྲེལ་ཡོད་ཁྲིམས་ལུགས་དང་མཐུན་གྱི་མེད་པའི་རྒྱུ་མཚན་ཐོག་ནས་ཟི་ཁྲོན་ཞིང་ཆེན་ཁྲིམས་ཁང་དུ་ཁྲིམས་གཏུགས་བྱ་རྒྱུ་ཡིན་པ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ལས་ཁང་གིས་གཟའ་པ་སངས་ཉིན་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད། དེ་ནི་རྒྱ་ནག་ནང་རང་དབང་ཅན་གྱི་ཡེ་ཤུའི་ཆོས་ལུགས་ཚོགས་པས་ རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁང་ཁྲིམས་གཏུགས་བྱེད་ཡས་ཐོག་མ་དེ་ཆགས་ཀྱི་ཡོད་ཅིང༌། གོང་ཞུས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ཤེ་རོན་ཧོམ་གྱིས་གསུང་ན། ད་རེས་ཟི་ཁྲོན་ཞིང་ཆེན་ནང་ཡོད་པའི་ཡེ་ཤུའི་ཆོས་ཚོགས་དེས་རྒྱ་ནག་ཆོས་དོན་ལས་ཁང་ཁྲིམས་གཏུགས་བྱེད་ཡས་ཀྱི་གནད་དོན་དེའི་ཐོག་རྒྱ་ནག་གི་ཁྲིམས་ཁང་ནས་ཐག་གཅོད་གང་འདྲ་ཞིག་བྱེད་མིན་ཐད་ནས་ རྒྱ་ནག་ནང་རྒྱ་ནག་རང་ཉིད་ཀྱི་བརྗོད་པ་བཞིན་མི་ཚང་མར་རང་དབང་ཐོག་ནས་ཆོས་ལུགས་གང་རུང་ལ་དད་ཞེན་བྱེད་ཆོག་པའི་ཐོབ་ཐང་ཡོད་ལུགས་ཀྱི་འབྲེལ་ཡོད་སྲིད་ཇུས་ཁག་དོན་ཐོག་ཏུ་འཁྱོལ་གྱི་ཡོད་མིན་ཤེས་རྟོགས་ཐུབ་རྒྱུ་ཡིན་པ་གསུང་བཞག