རྒྱ་མི་ཞིག་གིས་མི་བཅིུས་ལ་གྲི་རྒྱབ་སྟེ་གསོད་ཐབས་བྱས་འདུག

རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་ནང་འཕྲལ་སེལ་ལས་ཀ་བྱེད་ཆེད་ཡོང་བའི་རྒྱ་མི་རིགས་ཤིག་གིས་མི་བཅུ་གཉིས་ལ་གྲི་རྒྱབ་སྟེ་གསོད་ཐབས་བྱས་འདུག

༄༅༎རྒྱ་ནག་གི་ཧུའུ་པེ་ཞིང་ཆེན་ནང་ས་གནས་གཞན་ནས་འཕྲལ་སེལ་ལས་ཀ་བྱེད་ཆེད་ཡོང་བའི་རྒྱ་མི་རིགས་ཤིག་གིས་མི་བཅུ་གཉིས་ལ་གྲི་རྒྱབ་སྟེ་གསོད་ཐབས་བྱས་པའི་ནང་ནས་མི་གཉིས་ལ་རྨས་སྐྱོན་ཚབས་ཆེ་བྱུང་ཡོད་པ་དང་དོན་རྐྱེན་དེ་ནི་བར་ལམ་རྒྱ་ནག་ནང་གྲི་རྒྱབ་སྟེ་མི་གསོད་ཐབས་བྱེད་པའི་བྱ་སྤྱོད་ཐོན་པ་ཐེངས་གཉིས་པ་དེ་ཡིན་པ་རེད།

དེ་རིང་རྒྱ་ནག་གཞུང་འབྲེལ་ཤིང་ཧ་གསར་ཤོག་ལས་ཁང་གི་དཔོན་རིགས་ནས། རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་དབུས་ཧུའུ་པེ་ཞིང་ཆེན་གྱི་ཧྲི་ཡན་གྲོང་ཁྱེར་ནང་མི་ཞིག་གིས་མི་དམངས་ཐོག་གྲི་རྒྱབ་པའི་དོན་རྐྱེན་བྱུང་བ་ཡིན་པ་དང༌། མི་དེའི་མིང་ལ་ལི་ཙེ་ཏུང་ཡིན་པ་དང་ལོ་བཞི་ཅུ་ཞེ་དྲུག་ཡིན་པ་། ཁོང་རང་ཉིད་ཀྱི་གྲོད་ཁོག་ལའང་གྲི་རྒྱབ་ཡོད་ཀྱང་སྲོག་ལ་ཉེན་ཁ་མེད་པའི་སྐོར་བཤད་ཡོད་པ་ལས་མི་དམངས་ལ་གྲི་རྒྱབ་དགོས་པའི་རྒྱུ་རྐྱེན་ག་རེ་ལ་ཐུག་ཡོད་མེད་སྐོར་གནས་ཚུལ་ཞིབ་ཕྲ་བཤད་མེད་པ་རེད། ཉེ་ཆར་ཕྱི་ཟླ་བདུན་པའི་ཚེས་གཅིག་ཉིན་རྒྱ་མི་རིགས་ལོ་ཉི་ཤུ་རྩ་བརྒྱད་ཡིན་པ་དབྱངས་ཅ་ཟེར་བས་རྒྱ་མིའི་ཉེན་རྟོག་ལས་ཁང་དུ་གྲི་འཁྱེར་ཏེ་རྒོལ་བརྡུང་བཏང་སྟེ་ཉེན་རྟོག་པ་དྲུག་ལ་གྲི་རྒྱབ་ཏེ་བསད་པ་དང་ བཞི་ལ་རྨས་སྐྱོན་བཏང་བའི་ནག་ཉེས་འོག་ཟླ་བ་འདིའི་འགོ་སྟོད་དུ་ཧྲང་ཧད་གྲོང་ཁྱེར་ཁྲིམས་ཁང་ནས་སྲོག་ཐོག་གི་ཉེས་ཆད་ཐག་གཅོད་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང༌། དེང་སྐབས་རྒྱ་ནག་ནང་དཔལ་འབྱོར་མགྱོགས་འཕེལ་ཚད་མགྱོགས་སུ་འགྲོ་བཞིན་པ་དེ་ཡིས་སྤྱི་ཚོགས་ནང་དབུལ་ཕྱུག་བར་གྱི་ཁྱད་པར་ཆེན་པོར་གྱུར་ཏེ་འདས་པའི་ལོ་འགའ་ཤས་ནང་ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་མཁན་མང་དུ་ཕྱིན་པ་ནི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ཏུ་གྱུར་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org