རྒྱ་ནག་གཞུང་གིས་དཔོན་རིགས་ཕྱིར་བྲོས་བྱོལ་ཕྱིན་པ།

རྒྱ་གཞུང་གིས་རྒྱ་ནག་གི་དཔོན་རིཌ་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པར་བསླབ་བྱ་བརྒྱབས་ནས་ཕྱིར་ལོག་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་དཔོན་རིགས་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པར་བསླབ་བྱ་བརྒྱབས་ནས་ཕྱིར་ལོག་ཐུབ་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་པ་ལྟར་ཉེ་དུས་ཀྲེ་ཅང་བན་ཀྲུའུ་ཆུས་ཀྱི་ཏང་ཨུད་དྲུང་ཆེ་ཡའང་ཤའང་ཧུང་ཕྱི་རྒྱལ་དུ་རྟོགས་ཞིབ་ཏུ་བསྐྱོད་ནས་ཕ་རན་སིར་བསྡད་དེ་ཕྱིར་མ་ལོག་པར་བརྟེན་གུང་ཁྲན་ཏང་གི་སྐྱིད་སྡུག་དང་གཞུང་ལས་ནས་ཕྱིར་བུད་བྱས་པ་མ་ཟད་གོང་རོལ་དུ་འབྲེལ་ཡོད་ལས་ཁུངས་ནས་ཕ་རན་སིར་མི་སྣ་ཆེད་བཏང་གིས་ཁོ་པར་ཕྱིར་ལོག་དགོས་པའི་བསླབ་བྱ་བྱས་ཡོད་པ་རེད་གོང་གསལ་ཡའང་ཤའང་ཧུང་ཕྱིར་མ་ལོག་པའི་དུས་སྐབས་དང་གཅིག་མཚུངས་འཁེལ་བ་ཧྲང་ཧད་གྲོང་ཁྱེར་ལུའུ་བན་ཆུས་ཀྱི་ཆུས་ཀྲང་གཞོན་པ་ཤིའན་བུད་མིའང་ཟེར་བ་ལ་འབྲེལ་ཡོད་ཕྱོགས་ནས་བསླབ་བྱ་བརྒྱབས་ནས་རྒྱ་ནག་ཏུ་ཕྱིར་ལོག་ཡོད་པ་རེད།

ལྐོག་ཟ་རུལ་སུངས་རྐྱེན་པས་ཕྱི་རྒྱལ་དུ་བྲོས་བྱོལ་ཕྱིན་པའི་དཔོན་རིགས་ལ་གཞུང་ནས་བསླབ་བྱ་བརྒྱབས་ནས་ཕར་ལོག་ཐུབ་པ་བྱེད་སྲོལ་དེ་ཧ་ལམ་རྣམ་པ་ལྟ་བུ་ཞིག་ཏུ་གྱུར་བ་མ་ཟད་རྒྱ་ནག་གི་གསར་འགྱུར་ལས་རིགས་པས་དེའི་ཐད་ཐོག་མའི་འབྲས་བུ་ཐོན་ཡོད་ཟེར་བཤད་ཀྱི་ཡོད་པ་དང་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་ནས་བསྡོམས་རྩིས་བརྒྱབ་པར་གཞིགས་ན་འདི་ལོ་ཕྱིར་བྲོས་ཁོངས་ནས་དཔོན་རིགས་བདུན་ཕར་ལོག་ཡོད་པ་རེད།

འོ་ན་རྒྱ་ནག་ནས་དངུལ་ཕོན་ཆེ་འཁྱེར་ནས་ཕྱི་རྒྱལ་དུ་བྲོས་པའི་དཔོན་རིགས་ཇི་ཙམ་ཞིག་ཡོད་མེད་གཞུང་ཕྱོགས་ནས་ཚད་ལྡན་གྱི་གྲངས་འབོར་ཁྱབ་བསྒྲགས་བྱས་མེད་པེ་ཅིན་གྲོང་ཁྱེར་གྱི་ཞིབ་དཔྱོད་ལས་ཁུངས་ཀྱི་གྲངས་ཐོ་ལ་གཞིགས་ན་ལོ་རབས་དགུ་བཅུ་ལོ་དཀྱིལ་ཚུན་ནས་ལྐོག་ཟ་རུལ་སུངས་མཁན་དཔོན་རིགས་ཧ་ལམ་ཉིས་ཁྲིས་ཙམ་ཕྱི་རྒྱལ་བྲོས་པ་དང་འཁྱེར་བའི་དངུལ་འབོར་བྱས་ན་མི་དམངས་ཤོག་སྒོར་དུང་ཕྱུར་བརྒྱད་སྟོང་ཙམ་ཟིན་ཡོད་པ་རེད༎

 

 

 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org