རྒྱ་ནག་ནང་དཀྱིལ་ཤར་ཡུལ་གྲུའི་ཤུགས་རྐྱེན་བྱུང་ཡོད་པ།

དྲ་རྒྱའི་ཐོག་རྒྱ་ནག་གི་གྲོང་ཁྱེར་ཁག་༡༣ནང་གཞུང་བཅོས་བསྒྱུར་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་རྒྱུད་སྐུལ་གྱི་གནས་ཚུལ་སྤེལ་བ།

༄༅༎རེས་གཟའ་སྤེན་པའི་ཉིན་དྲ་རྒྱའི་ཐོག་རྒྱ་ནག་གི་གྲོང་ཁྱེར་ཁག་༡༣ནང་རྒྱ་ནག་གཞུང་བཅོས་བསྒྱུར་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ་དགོས་པའི་རྒྱུད་སྐུལ་གྱི་གནས་ཚུལ་བཀོད་སྤེལ་བྱས་པའི་རྗེས། མཐར་རྒྱལ་ས་པེ་ཅིང་གི་ལྦང་ཕུའུ་ཅིང་ཁྲོམ་ལམ་ཐོག་ཡོད་པའི་མེཀ་ཌོ་ནལ་ཟ་ཁང་མདུན་དུ་མི་གྲངས་བརྒྱ་ཙམ་འདུ་འཛོམས་བྱས་ཏེ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུའི་འཆར་གཞི་བྱས་ཡོད་ཀྱང༌། ཉེན་རྟོག་པས་ཁ་ཐོར་བཏང་ཡོད་ཅིང༌། རོའུ་ཀྲར་གསར་འགོད་པས། པེ་ཅིང་ནང་གི་མཐོ་རིམ་སློབ་གྲྭའི་སློབ་མ་ཞིག་ལ། དེར་ཡོང་དགོས་པའི་རྒྱུ་མཚན་སྐོར་སྐད་ཆ་དྲིས་པའི་སྐབས། སློབ་ཕྲུག་དེས། ང་ཚོ་འདིར་འཛོམས་ནས་རྒྱལ་ཁབ་ཀྱི་ཆེད་དུ་ནུས་པ་ཞིག་བཏོན་ཐུབ་ཐབས་འབད་བརྩོན་བྱ་རྒྱུའི་ཆེད་དུ་ཡོང་བ་ཡིན་ཞེས་ལན་འདེབས་བྱས་ཡོད་པ་རེད། རྒྱལ་ས་པེ་ཅིང་དང་གྲོང་ཁྱེར་ཧྲང་ཧྲད་ནང་དུ་ཉེན རྟོག་པས་དོགས་ཟོན་ཆེན་པོ་བྱས་ཏེ། ཉེན་རྟོག་པའི་མོ་ཊ་ཆུང་བ་དང༌། མི་བླུགས་སའི་མོ་ཊ་ཆེ་བ་རྣམས། མི་དམངས་འདུ་འཛོམས་བྱེད་ཀྱི་རེད་བསམ་པའི་གནད་ཡོད་ས་ཆའི་ཐོག་བཞག་སྟེ། འཛིན་བཟུང་བྱེད་ཆོག་གི་གྲ་སྒྲིག་ཨང་སར་ཐོག་གནས་ཡོད་པ་དང་། དེ་རིང་པེ་ཅིང་དུ་འདུ་འཛོམས་བྱས་པའི་མི་དམངས་ཁྲོད་ནས་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་མེད་ཀྱང། གྲོང་ཁྱེར་ཧྲང་ཧད་ནང་མི་དམངས་དང་ཉེན་རྟོག་པའི་དབར་ཁ་འཛིངས་རྒྱབ་པའི་རྗེས། ལོ་ན་༢༠རྩ་གྲངས་ཡིན་པའི་ན་གཞོན་གསུམ་ཉེན་རྟོག་ལས་ཁང་དུ་ཁྲིད་ཡོད་པ་རེད། ལས་འགུལ་དེའི་ནང་མཉམ་ཞུགས་གནང་མཁན་ལོ་ན་རྒན་པ་གསུམ་གྱིས། ཁོང་ཚོ་ད་རེས་འདིར་འདུ་འཛོམས་བྱེད་དགོས་དོན་ནི། རྒྱལ་ཁབ་ཀྱི་ཁྲིམས་ཀྱི་ལམ་ལུགས་ཡག་པོ་མེད་པ་དང༌། ཉེན་རྟོག་པའི་སྡུག་རྩུབ་ཆེ་བའི་བྱ་སྤྱོད་མེད་པ་བཟོ་རྒྱུའི་ཆེད་དུ་ངོ་རྒོལ་བྱེད་དུ་ཡོང་བ་ཡིན། ང་ཚོས་དྲང་བདེན་མེད་པའི་ཁྲིམས་ལུགས་ལ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་དང༌། ཡང་བེུད་གཞན་ཞིག་གིས། ཁོང་ནི། རྒྱ་ནག་གཞུང་གིས་ཕྱི་ལོ་༡༩༩༦ ལོར་སྡོད་ཁྱིམ་བཙན་འཕྲོག་བྱས་པར་ཁོང་ཁྲོས་མི་བཟོད་པར་ངོ་རྒོལ་བྱེད་དུ་ཡོང་བ་ཡིན། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གང་འདྲ་རེད་དམ། ང་ཚོར་འགྲོ་སྡོད་ཀྱི་རང་དབང་མེད་པ་དང༌། མཐའ་ན་སེམས་ནས་བསམ་པ་ཤོད་པའི་རང་དབང་མེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད། ལས་མེད་ཀྱི་དཀའ་ངལ་དང༌། ཟ་ཆའི་རིན་གོང་འཕེལ་བ། སོགས་ནི་རྒྱལ་ཁབ་ནང་མི་དམངས་ཀྱི་འོས་ལངས་ཀྱི་ལས་འགུལ་སྤེལ་བའི་འབྱུང་རྩ་གཙོ་བོ་ཡིན་པ་བཞིན། ད་རེས་ཏུ་ནི་ཤི་ཡ་ནས། ཨི་ཇིབཏ། རྦ་ཧ་རེན། ཡེ་མེན། ཨེལ་ཇེ་རི་ཡ། ལི་བི་ཡ་ ནང་རིམ་བཞིན་མི་དམངས་ཀྱི་ལས་འགུལ་དེ་བྱུང་བ་ཡིན་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org