ཨཕ་ག་ནིསི་ཏན་ནང་རྒྱ་མིའི་སྨད་ཚོང་བ་མང་པོ་འབྱོར་ཡོད་པ།
ཨཕ་ག་ནིསི་ཏན་ནང་རྒྱ་ནག་ནས་སྨད་ཚོང་བ་མང་པོ་ཞིག་འབྱོར་ནས་དེ་ཡོད་ཕྱི་རྒྱལ་མི་སྣ་ཚོ་དང་མཉམ་དུ་སྨད་ཚོང་བའི་ལས་ཀ་བྱེད་ཀྱི་ཡོད་འདུག
-
2008-06-15 -
-
-
༄༅༎ཨཕཱ་ག་ནིསི་ཏན་ནང་རྒྱ་ནག་ནས་སྨད་ཚོང་བ་མང་པོ་ཞིག་འབྱོར་ནས་དེ་ཡོད་ཕྱི་རྒྱལ་མི་སྣ་ཚོ་དང་མཉམ་དུ་སྨད་ཚོང་བའི་ལས་ཀ་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག
ཨཕཱ་ག་ནིསི་ཏན་གྱི་རྒྱལ་ས་ཀ་སྦུལ་ནང་ཡོད་པའི་པཱེ་ར་ཌའེསེ་ཞེས་པའི་ཚོང་ལས་ཁང་དེའི་ནང་རྒྱ་མིའི་བུད་མེད་སྨད་ཚོང་བས་དེ་ཡོད་ཕྱི་རྒྱལ་གྱི་མི་སྣ་ཁག་དང་སྨད་ཚོང་བའི་ལས་ཀ་བྱེད་ཀྱི་ཡོད་ཅིང་དེ་ཡང་ཕྱི་ལོ་༢༠༠༡ལོར་ཨ་རིས་གཙོ་ཁྲིད་བྱས་པའི་ནུབ་ཕྱོགས་ཀྱི་མི་སྣ་མང་པོ་ཞིག་ཨཕཱ་ག་ནིསི་ཏན་ནང་བདེ་འཇགས་ཀྱི་ལས་དོན་སྤེལ་བར་འབྱོར་བ་བཞིན་རྒྱ་ནག་ནས་ཀྱང་བེུད་སྨད་ཚོང་བ་མང་པོ་ཞིག་རིམ་པས་འབྱོང་ཡོད་པ་རེད་
རྒྱལ་སྤྱིའི་ཕྱི་མི་གཞིས་སྤོས་ལྷན་ཚོགས་ནས་ཕྱི་ལོ་༢༠༠༦ལོར་ད་ཡོད་རྒྱ་མིའི་སྨད་ཚོང་བ་མི་གྲངས་༩༦ཕྱིར་འབུད་བྱས་ཡོད་པ་དང་ སྨད་ཚོང་བ་ཚོས་བརྗོད་ན་ རྒྱ་ནག་ནང་ཡོད་པའི་ཡུལ་བསྐོར་སྤྲོ་འཆམ་ལས་ཁང་ནས་ཀ་སྦུལ་ནང་ཡོད་པའི་ཟ་ཁང་ནང་དུ་ལས་ཀ་བྱེད་པར་བཏང་ནས་ཁོང་ཚོས་ཟླ་རེ་ཨ་རིའི་ཌོ་ལར་༣༠༠ཙམ་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་ཀྱང་དེར་འབྱོར་རྗེས་ཟ་ཁང་གི་སྦྱིན་བདག་ནས་གླ་ཆ་མ་སྤྲད་པ་མ་ཟད་མཚན་མོ་འཁྲིག་སྤྱོད་ཀྱི་བྱ་བ་ཉེར་དུ་བཅུག་གི་འདུག་ཅེས་བརྗོད་འདུག་
ཡང་གོང་ཞུས་རྒྱལ་སྤྱིའི་ཕྱི་མི་གཞིས་སྤོས་ལྷན་ཚོགས་ཀྱི་འབྲེལ་ཡོད་ལས་བྱེད་ཅིག་གིས་གསུངས་ན་ སྨད་ཚོང་བ་དེ་ཚོའི་ནང་ནས་བེུད་གཅིག་གིས་བསམ་པར་ཁོང་མོ་ཌུ་བའེ་ལ་ལས་ཀ་བྱེད་དུ་འགྲོ་ཡི་ཡོད་བསམ་བྱུང་ཡང་བསམ་ཡུལ་ལས་འདས་པ་ཞིག་ལ་ཀ་སྦུལ་ནང་གནམ་གྲུ་བབས་སོང་ཞེས་བརྗོད་ཡོད་ལུགས་ལུང་འདྲེན་གནང་འདུག་
ཡིན་ནའི་ཨཕཱ་ག་ནིསི་ཏན་གཞུང་འབྲེལ་གྱི་ཐོག་ནས་གོང་ཞུས་གནས་ཚུལ་ཁག་ངོས་ལེན་གནང་གི་མེད་པ་རེད་༎