༸གོང་ས་མཆོག་ནས་ཕྱི་ནང་རྒྱ་རིགས་ཁག་ཅིག་ལ་མཇལ་མོལ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་རྒྱ་རིགས་མི་གྲངས་བརྒྱ་དང་སུམ་ཅུ་ཙམ་གྱིས་བསྔགས་བརྗོད་ཀྱི་མཚན་འཁོད་སྙན་ཞུ།

༄༅༎ཕྱིར་སྡོད་རྒྱ་རིགས་མཁས་དབང་དང་དམངས་དོན་གཉེར་བ་དང་གཞན་ཡང་རྒྱ་ནག་ནས་ཡོང་བའི་རྒྱ་མི་ཁག་ཅིག་གིས་གཙོས་རྒྱ་རིགས་མི་གྲངས་བརྒྱ་དང་སུམ་ཅུ་ཙམ་གྱིས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་རྗེས་ལ་བསྔགས་བརྗོད་ཀྱི་མཚན་མཁོད་སྙན་ཞུ་ཞིག་ཕུལ་བ་བརྒྱུད་སྤྱི་ནོར་༸གོང་ས་མཆོག་གི་མཇལ་ཁ་ཞུས་ཡོད་པ་རེད།

དེ་ཡང་རྒྱ་རིགས་རྣམས་ཀྱིས་ཞུ་སྙན་དེའི་ནང་༸གོང་ས་མཆོག་གིས་བོད་ཀྱི་དཀའ་རྙོག་དེ་འཚེ་བ་མེད་པའི་གཉིས་ཕན་དབུ་མའི་ལམ་གྱི་ཐོག་ནས་སེལ་ཐབས་གནང་བཞིན་རྒྱ་ནག་ནང་མི་རིགས་ཕན་ཚུན་མཐུན་འབྲེལ་ཡོང་ཐབས་ལ་སྐུ་ལས་ཤུགས་ཆེ་བསྐྱོན་བཞིན་པའི་མཛད་རྗེས་དེ་རླབས་ཆེན་ཞིག་ཡིན་པ་སོགས་ཀྱིས་བསྔགས་བརྗོད་རྒྱ་ཆེ་ཞུས་ཡོད་པ་རེད།

སྤྱི་ནོར་༸གོང་ས་མཆོག་གིས་རྒྱ་རིགས་རྣམས་ལ་སྔ་ལོ་བོད་ནང་བྱུང་བའི་བོད་མི་ཞི་རྒོལ་གྱི་བྱུང་རྐྱེན་གྱི་སྐོར་གནས་ལུགས་ཞིབ་ཕྲ་ངོ་སྤྲོད་གནང་བཞིན་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་རྒྱུར་དང་པོ་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་ཞིག་ཡོད་པ་ངོས་བཟུང་ཐུབ་དགོས་ཞེས་དང་ཡིན་ནའི་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་དཀའ་ངལ་གང་ཡང་མེད་པ་བརྗོད་དེ་མ་འགྲིག་པ་ཆ་ཚང་༸གོང་ས་མཆོག་ཡིན་པའི་སྐྱོན་བཙུགས་ཀྱིས་དྲིལ་བསྒྲགས་སྤེལ་གྱི་ཡོད་ཅེས་བཀའ་གནང་ཡོད་པ་རེད།

དེ་ཡང་སྐབས་དེར་སྤྱི་ནོར་༸གོང་ས་མཆོག་གིས་རྒྱ་ནག་གཞུང་གིས་བརྗོད་བཞིན་པ་ལྟར་བོད་ནང་བོད་མི་ཚོར་དཀའ་ངལ་མེད་པར་འཚོ་བཞིན་ཡོད་ན་བོད་མི་བརྒྱ་ཆ་དྲུག་ཅུ་བདུན་ཅུ་ཙམ་ལ་བདེ་སྐྱིད་ཅིག་ཡོད་པ་ཡིན་ནའི་གནས་སྟངས་ཡག་པོ་ཡོད་པ་ཞིག་ལ་ངོས་འཛིན་བྱས་ཆོག་བཀའ་གནང་ཡོད་པ་དང་རྒྱ་རིགས་སྤུན་ཟླ་ཚོས་བོད་ནང་གི་དངོས་ཡོད་དཀའ་སྡུག་རྣམས་རྒྱ་ནག་མི་མང་བྱིངས་ལ་ངོ་སྤྲོད་གནང་དགོས་ཞེས་སྐུལ་མ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org