༸གོང་ས་མཆོག་གིི་ཆིབས་བསྒྱུར་བཀག་འགོག་བྱེད་ཐབས།
2009.04.02
༄༅༎ནིའུ་ཛི་ལེནདྲ་དུ་ཡོད་པའི་རྒྱ་མིའི་མཐུན་ཚོགས་ཤིག་གིས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེནདྲ་དུ་ཆིབས་བསྒྱུར་བསྐྱང་རྒྱུའི་ཐོག་ནིའུ་ཛི་ལེནདྲ་གཞུང་ཕྱོགས་ནས་བཀག་འགོག་བྱ་རྒྱུའི་འབད་བརྩོན་བྱེད་བཞིན་ཡོད་པ་རེད་འདུག
དེའང་ད་ལོའི་སྤྱི་ཟླ་བཅུ་གཉིས་པའི་ཚེས་དྲུག་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནིའུ་ཛི་ལེནདྲ་གྱི་ཨོ་ཁ་ལེནདྲ་གྲོང་ཁྱེར་དུ་ཆིབས་བསྒྱུར་བསྐྱང་གནང་མཛད་དེ་ཡུལ་དེའི་སྲིད་བློན་ཇོན་ཀི་དང་མཇལ་འཛོམས་གནང་རྒྱུ་དང་དེ་བཞིན་དམངས་ཁྲོད་ལ་གསུང་བཤད་གནང་རྒྱུའི་མཛད་འཆར་ཞིག་ཡོད་ཅིང་ཡིན་ནའང་ད་རེས་ནིའུ་ཛི་ལེནདྲ་དུ་ཡོད་པའི་རྒྱ་མིའི་མཉམ་སྦྲེལ་མཐུན་ཚོགས་ཞེས་པའི་ཚོགས་པ་དེས་ནིའུ་ཛི་ལེནདྲ་ས་གནས་རྒྱ་མིའི་ཚོགས་པ་ཉི་ཤུ་རྩ་བརྒྱད་ཀྱི་ཚབ་བྱས་ཏེ་ཁོང་ཚོས་ནིའུ་ཛི་ལེནདྲ་གྱི་གཞུང་ཕྱོགས་ལ་འབོད་སྐུལ་ཞུ་ཡིག་ཅིག་ཕུལ་ཏེ་ཉེ་ལམ་ཨཕ་རི་ཀའི་ནང་འཚོག་རྒྱུའི་རྒྱལ་སྤྱིའི་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་གྲགས་མི་སྣ་ཚོ་ལས་གྲུབ་པའི་འཛམ་གླིང་ཞི་བདེའི་ལྷན་ཚོགས་དེའི་ཐོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྷན་བཞུགས་གནང་རྒྱུར་ལྷོ་ཨཕ་རི་ཀའི་གཞུང་ཕྱོགས་ནས་༸གོང་ས་མཆོག་ལ་མཐོང་མཆན་ཕུལ་མེད་པ་བཞིན་ནིའུ་ཛི་ལེནདྲ་སྲིད་གཞུང་ནས་ཀྱང་༸གོང་ས་མཆོག་ལ་མཐོང་མཆན་ཕུལ་མི་རུང་བའི་འབོད་སྐུལ་ཞུ་རྒྱུ་ཡིན་པ་རེད་འདུག་ལ་ཡིན་ནའང་ནིའུ་ཛི་ལེནདྲ་གྱི་སྲིད་བློན་ཇོན་ཀི་མཆོག་ནས་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པ་མ་ཟད་ཏཱ་ལའི་བླ་མ་མཆོག་ནི་གལ་ཆེའི་སྐུ་མགྲོན་ཞིག་ཡིན་པར་ཡང་གསུངས་ཡོད་པ་དང་ད་དུང་ཁོང་གིས་ང་ཚོས་ང་ཚོའི་རྒྱལ་ཁབ་ནང་སུ་གདན་འདྲེན་ཞུས་དང་མ་ཞུས་སྐོར་རྒྱ་ནག་ཕྱོགས་ནས་ཐག་གཅོད་གནང་དགོས་དོན་མེད་པའི་གནས་ཚུལ་དེ་རྒྱ་ནག་ཕྱོགས་ནས་ངེས་པར་དུ་ཤེས་དགོས་ཞེས་ཀྱང་གསུངས་འདུག གཞན་ཡང་ཐེངས་དེའི་༸གོང་ས་མཆོག་གི་ནིའུ་ཛི་ལེནདྲ་གྱི་ཆིབས་བསྒྱུར་དེ་གོ་སྒྲིག་གནང་མཁན་སྐུ་ཞབས་ཐུབ་བསྟན་རྣམ་རྒྱལ་ལགས་ཀྱིས་རྒྱ་མི་ཁག་ཅིག་གི་ནིའུ་ཛི་ལེནདྲ་གཞུང་ཕྱོགས་ལ་གནོན་ཤུགས་སྤྲད་ཐབས་བྱེད་པའི་སྤྱོད་ཚུལ་དེ་ནི་སྐྱུག་བྲོ་དགོས་པ་ཞིག་དང་དེའི་འབྲས་བུ་དེ་ལྡོག་ཕྱོགས་ཤིག་ཡོང་རྒྱུ་ཡིན་པར་གསུངས་འདུག